ད་ལྟ་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན་ནས་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་ཐང་ལ་སྔར་ལས་དོ་སྣང་བྱེད་བཞིན་ཡོད་པ་དང་། མི་མང་པོས་དུས་བཅད་ལྟར་སྨན་ཁང་དུ་སོང་ནས་སྐྲན་ནད་འགོག་པའི་ཞིབ་བཤེར་བྱེད་ཀྱིན་ཡོད། ཡིན་ནའང་ཞིབ་བཤེར་གྱི་མཇུག་འབྲས་ལ་བལྟས་ནས། མི་ལ་ལས་ཞིབ་བཤེར་སྣ་ཚོགས་ཀྱི་ནང་དོན་གསལ་བོ་ཤེས་ཀྱིན་མེད། ཞིབ་བཤེར་མཇུག་འབྲས་ཅུང་རྒྱུན་ལྡན་མིན་ཚེ། རང་ཉིད་ལ་སྐྲན་ནད་འབྱུང་བར་དོགས་པ་ཟ་བཞིན་ཡོད། དེས་ན་སྐྲན་ནད་འགོག་པའི་ཞིབ་བཤེར་ཁྲོད་ཀྱི་མཇུག་འབྲས་རྒྱུན་ལྡན་མིན་པར་ཇི་ལྟར་བྱེད་དགོས་ཟེར་ན།
སྐྲན་ནད་ཀྱི་མཚོན་རྟགས་ཇེ་མཐོར་སོང་ན་དེ་ལ་སྐྲག་མི་དགོས།
ནམ་རྒྱུན་མི་ཚང་མས་སྐྲན་ནད་ཀྱི་མཚོན་རྟགས་ཇེ་མཐོར་སོང་བ་མཐོང་ཚེ་སྐྲག་སྣང་སྐྱེས་ཏེ། རང་ཉིད་ལ་སྐྲན་ནད་འབྱུང་བར་བསམ་བཞིན་ཡོད། སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫས་ནི་སྐྲན་ནད་ཕྲ་ཕུང་བྱུང་བའམ་ཡང་ན་སྐྲན་ནད་ཀྱིས་ལུས་པོར་ཕོག་ཐུག་བཏང་ནས་ཐོན་པའི་དངོས་རྫས་ཁ་ཤས་ཡིན་ཞིང་། ནམ་རྒྱུན་ཐང་ཆད་པ་དང་གཉན་ཚད་རྒྱས་པ། ཚོར་ལྷག་ལོག་པ། ཆང་འཐུང་བ་སོགས་ཀྱིས་ཞིབ་བཤེར་མཇུག་འབྲས་རྒྱུན་ལྡན་མིན་པར་གཏོང་སྲིད།
ལུས་པོར་བརྟག་དཔྱད་བྱེད་སྐབས་སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫས་བསྡུར་ཚད་ཇེ་མཐོར་སོང་ན་སྐྲག་མི་དགོས་སྟེ། སྔོན་ལ་རང་ཉིད་ཀྱི་ལུས་ཕུང་སྙོམས་སྒྲིག་ལེགས་པོ་བྱས་རྗེས། ཡང་བསྐྱར་སྨན་ཁང་དུ་སོང་ནས་ཞིབ་བཤེར་ཐེངས་ཤིག་བྱེད་དགོས། སྤྱིར་བཏང་དུ་སྐྲན་ནད་མིན་པའི་རྒྱུ་རྐྱེན་གྱིས་བསླངས་པའི་མཚོན་རྟགས་དངོས་རྫས་ཀྱི་བསྡུར་ཚད་ནི་ཐེངས་གཅིག་རང་བཞིན་ཡིན་པ་དང་། ཡང་ན་ཅུང་ཙམ་མཐོ་བ་ཞིག་ཡིན། གལ་ཏེ་མངོན་གསལ་དུ་མཚོན་རྟགས་དངོས་རྫས་ཀྱི་བསྡུར་ཚད་ཆེས་མཐོ་བའམ་མུ་མཐུད་དུ་ཇེ་མཐོར་སོང་ན། ཁྱོན་ཡོངས་ཀྱི་ཞིབ་བཤེར་བྱེད་དགོས་སྟེ། དཔེར་ནCTདང་སྒྲ་འདས་བརྟག་དཔྱད་སོགས་བྱེད་དགོས། སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫས་དང་བརྙན་རིས། ན་ལུགས་སོགས་ཀྱི་ཞིབ་བཤེར་དང་ཟུང་འབྲེལ་བྱས་ན། ད་གཟོད་ངོས་འཛིན་གསལ་བོ་བྱེད་ཐུབ།
མདུད་འབུར་ཡོད་པ་མཐོང་ན་སྐྲན་ནད་ཡིན་མིན་ལ་བརྟག་དགོས།
སྒྲ་འདས་བརྟག་དཔྱད་ཁྲོད་ནས་མདུད་འབུར་དང་སྣོད་སྐྲངས་ཡོད་པ་དེ་ཚང་མ་ནི་ཆེས་རྒྱུན་མཐོང་གི་ནད་རིགས་ཡིན། མི་མང་ཆེ་བ་ཞིག་གིས་སྒྲ་འདས་བརྟག་དཔྱད་བྱེད་སྐབས་ནུ་རྨེན་དང་ཨོལ་རྨེན་སྟེང་མདུད་འབུར་ཡོད་པ་མཐོང་ལ། མཆིན་པ་དང་མཁལ་མའི་སྟེང་གནས་འཕྲོག་ནད་འགྱུར་མཐོང་ཐུབ་པས། ཚང་མས་སྣང་ཚུལ་དེ་རིགས་དང་སྐྲན་ནད་བར་གྱི་འབྲེལ་བ་དེ་གསལ་བོར་མ་ཤེས་པར་བརྟག་དཔྱད་མཇུག་འབྲས་ཁྲོད་ཀྱི་མདུད་འབུར་དེ་སྐྲན་ནད་ཡིན་པར་ངོས་འཛིན་གྱིན་ཡོད། དོན་དངོས་ཐོག་སྐྲན་ནད་ཡིན་མིན་དེ་སྨན་པས་སྒྲ་འདས་བརྟག་དཔྱད་ཁྲོད་ནས་མདུད་འབུར་དེའི་མཐའ་དང་གྲུབ་ཚུལ། སྟུག་ཚད། ཁྲག་རྒྱུན་མཁོ་སྤྲོད་སོགས་ལ་བལྟ་བ་བརྒྱུད་དེ། མདུད་འབུར་མང་ཆེ་བའི་ངོ་བོ་གཏན་ཁེལ་བྱས་ནས་གསོ་བཅོས་ཀྱི་བྱེད་ཐབས་ཡང་དག་པ་འདོན་དགོས་ལ། ངོ་བོ་གཏན་ཁེལ་བྱེད་མི་ཐུབ་པ་ལCTསོགས་ཀྱི་ཞིབ་བཤེར་བྱེད་དགོས། དེར་བརྟེན། སྒྲ་འདས་བརྟག་དཔྱད་ཁྲོད་ནས་མཐོང་བའི་མདུད་འབུར་རང་བཞིན་གྱི་ནད་འགྱུར་ལ་སྐྲག་མི་དགོས་ལ། སྨན་པའི་ངག་བཀོད་ལྟར་བརྟག་དཔྱད་དང་གསོ་བཅོས་བྱས་ཆོག
སྣོད་སྐྲངས་མང་ཆེ་བ་ནི་ལྷན་སྐྱེས་རང་བཞིན་གྱི་ནད་རིགས་ཤིག་ཡིན་ལ། ནད་དེ་གཙོ་བོ་མཆིན་པ་དང་མཁལ་མའི་སྟེང་གནས་པས། སྐྲན་ནད་མིན་ལ་འབྲས་ནད་དུའང་འགྱུར་མི་སྲིད། ནད་དེ་ནི་མཆིན་པ་དང་མཁལ་མའི་སྟེང་བྱུང་བའི་ཆུ་སྐྲངས་ཆུང་ཆུང་ཞིག་ཡིན་ཞིང་། སྣོད་ངོས་ཀྱི་ཕྲ་ཕུང་བསྟུད་མར་ཟགས་ཐོན་འབྱུང་བས། སྣོད་སྐྲངས་དེ་ཇེ་ཆེར་འགྱུར་སྲིད། སྣོད་སྐྲངས་མང་ཆེ་བ་ནི་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པས། དར་མ་དང་རྒན་པའི་དུས་སུ་རིམ་བཞིན་ཇེ་ཆེར་འགྲོ་བ་རེད། སྤྱིར་བཏང་དུ་སྣོད་སྐྲངས་དེ་ཇེ་ཆེར་མ་གྱུར་ན་ཐག་གཅོད་བྱེད་མི་དགོས།
བསམ་སེའུ་སྣོད་སྐྲངས་ལ་བརྟག་དཔྱད་ཡང་དག་པ་བྱེད་དགོས།
བསམ་སེའུ་སྣོད་སྐྲངས་དེ་སྐྱེ་ལུགས་རང་བཞིན་དང་ན་ལུགས་རང་བཞིན་གཉིས་སུ་བཀར་ཡོད། སྐྱེ་ལུགས་རང་བཞིན་གྱི་སྣོད་སྐྲངས་དེ་གཤགས་བཅོས་བྱེད་མི་དགོས་ལ། ན་ལུགས་རང་བཞིན་གྱི་སྣོད་སྐྲངས་དེ་གཤགས་བཅོས་བྱེད་དགོས།
སྐྱེ་ལུགས་རང་བཞིན་གྱི་བསམ་སེའུ་སྣོད་སྐྲངས་དེ་སྤྱིར་བཏང་དུ་ཟླ་གཅིག་གི་རྗེས་སུ་ཡང་བསྐྱརBསྒྲ་རླབས་ཀྱི་བསྐྱར་བཤེར་བྱེད་སྐབས་མེད་འགྲོ་བ་ཡིན། ཚང་ཁོག་གཉན་ཚད་ལ་སྒྲ་འདས་བརྟག་དཔྱད་བྱས་ན་སྣོད་སྐྲངས་ཀྱི་མཇུག་འབྲས་འབྱུང་སྲིད། སྣང་ཚུལ་དེ་རིགས་གཉན་ཚད་འགོག་པའི་གསོ་བཅོས་བྱས་ནས་ཕན་ནུས་མ་ཐོན་ཚེ་གཤགས་བཅོས་བྱེད་དགོས་ལ། སྤྱིར་བཏང་དུ་ནད་དེ་འབྲས་ནད་དུ་འགྱུར་མི་སྲིད། སྐྲན་ནད་རང་བཞིན་གྱི་སྣོད་སྐྲངས་ནི་བསམ་སེའུ་ཕྲ་ཕུང་ལ་ནད་བབ་འགྱུར་ནས་བྱུང་བ་ཡིན་ཞིང་། མང་ཆེ་བ་ཞིག་ནི་བཅོས་ཐབས་ཡོད་པ་དང་། ཉུང་ཤས་ཤིག་ནི་བཅོས་ཐབས་མེད་པ་ཡིན།
Bསྒྲ་རླབས་ཀྱི་བརྟག་དཔྱད་བྱེད་སྐབས་བསམ་སེའུ་སྣོད་སྐྲངས་ངོས་འཛིན་བྱུང་བ་དེར་ནད་རྟགས་ཅི་ཡང་མེད་པར་མ་ཟད་སྣོད་སྐྲངས་ཁོ་ན་ཞིག་ཡིན་ཚེ། ཟླ་གཅིག་རེའི་རྗེས་སུ་བསྐྱར་བཤེར་ཐེངས་རེ་བྱེད་དགོས་ལ། སྣོད་སྐྲངས་དེ་མཉམ་བསྲེས་རང་བཞིན་ཡིན་པ་དང་། དུས་མཉམ་དུ་སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫསCA125ལ་བརྟག་དཔྱད་བྱས་ནས་སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫས་ཀྱི་བསྡུར་ཚད་ཇེ་མཐོར་སོང་ཚེ། འབྲས་ནད་ཡིན་པར་དོགས་ཟོན་བྱེད་དགོས། ཡིན་ནའང་དེ་ལ་སྐྲག་མི་དགོས། རྒྱུ་མཚན་ནི་གཉན་ཚད་དང་བུ་སྣོད་ནང་སྐྱི་གནས་གཞན་ནད། བུ་སྣོད་གཤེར་རྨེན་ཤ་སྐྲན་སོགས་ཀྱིས་ཀྱང་སྐྲན་ནད་ཀྱི་མཚོན་རྟགས་དངོས་རྫས་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་སྲིད་པས་ཡིན།
གློ་བའི་སྟེང་མདུད་འབུར་ཆུང་ཆུང་ཡོད་པ་མཐོང་ཚེ་བརྟག་དཔྱད་བྱེད་དགོས།
CTབརྟག་དཔྱད་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། མདུད་འབུར་ཆུང་ཆུང་རིགས་ཀྱི་ནད་པ་ཇེ་མང་ནས་ཇེ་མང་རེད། ནད་པ་མང་ཆེ་བ་དང་ཁོ་ཚོའི་ཁྱིམ་མིས་ནད་དེ་བཅོས་ཐབས་མེད་པར་སྙམ་ནས་སྐྲག་སྣང་ཆེན་པོ་སྐྱེས་བཞིན་ཡོད། དོན་དངོས་སུ་མདུད་འབུར་ཆུང་ཆུང་དེ་རིགས་ཐག་གཅོད་པའི་བྱེད་ཐབས་གཙོ་བོ་ནི་དུས་བཅད་ལྟར་ཡང་བསྐྱར་ཞིབ་བཤེར་བྱེད་རྒྱུ་དེ་རེད། སྐྲན་ནད་དུ་འགྱུར་བར་དུས་ཡུན་ངེས་ཅན་ཞིག་ཡོད་ལ། ཁྱད་པར་དུ་མདུད་འབུར་ཧ་ཅང་ཆུང་བའི་སྐབས་སུ། ཟླ་གསུམ་གྱི་དུས་ཡུན་ནང་ཆེད་ལས་སྨན་པས་ནད་དེའི་འགྱུར་ལྡོག་ཤེས་ཐུབ་ལ། མདུད་འབུར་ཅུང་ཇེ་ཆེར་གྱུར་ནའང་གནས་གཞན་པར་མཆེད་མི་སྲིད། མདུད་འབུར་ལ་འགྱུར་ལྡོག་མེད་ཚེ་ལོ་རེར་ཞིབ་བཤེར་ཐེངས་གཅིག་བྱས་ན་ཆོག
ལོ་ཙཱ་བ། འབྲུག་མོ།