བུད་མེད་ལ་ཟླ་མཚན་འབབ་པའི་དུས་ནི་ཚོར་སྣང་སྐྱེན་པོའི་དུས་ཡིན་པར་མ་ཟད། ད་དུང་ལུས་སྟེང་གི་རིམས་འགོག་ནུས་ཤུགས་ཞན་པའི་དུས་སྐབས་ཀྱང་ཡིན་པས། སྨན་རྫས་ལ་ལ་ཤིག་དུས་སྐབས་འདིར་བསྟེན་ན་མི་ལེགས།
ཟླ་མཚན་འབབ་སྐབས་སྐྱེ་ལམ་གཉན་ཚད་གསོ་བཅོས་བྱེད་པའི་འདག་ཆུ་དང་། འོག་འཇུག་སྨན་རིལ་སོགས་ཐད་ཀར་སྐྱེ་ལམ་དུ་བཀོལ་སྤྱོད་བྱེད་པའི་སྨན་རྫས་རྣམས་གནས་སྐབས་སུ་བཀོལ་མཚམས་འཇོག་དགོས་ཏེ། ཟླ་མཚན་འབབ་སྐབས་མངལ་སྐེ་ཕྱི་ཁ་མར་ལུག་པ་དང་། མངལ་སྐེ་ནང་སྐྱིར་ཁྲག་རྒྱས་པ་དང་། སྐྱེ་ལམ་དུ་ཁྲག་བསགས་པ་བཅས་བྱས་ཡོད་པས། འབུ་ཕྲ་སྐྱེ་འཕེལ་བྱེད་སླ་བ་རེད། དེ་བས་སྐབས་དེར་སྐྱེ་ལམ་གྱི་གནས་དེར་སྨན་བཀོལ་ན། འབུ་ཕྲ་དེ་ཉིད་མངལ་ནང་དང་མངལ་སྐེ་ནང་སྐྱིར་འཛུལ་ནས་གནོད་པ་བཟོ་ངེས་རེད།
ཁྲག་འགག་སེལ་བའི་རྩྭ་སྨན་གྱི་རིགས། བུད་མེད་ལ་ཟླ་མཚན་འབབ་སྐབས་ཁྲག་འགག་སེལ་བའི་རྩྭ་སྨན་གྱི་རིགས་བསྟེན་ན། ཟླ་མཚན་བཞུར་ནས་མཚམས་མི་ཆད་པ་དང་། ཚབས་ཆེ་ན་ཁྲག་ཤེད་ཆེས་ཞན་པར་འགྱུར་བའམ་ཟླ་མཚན་སྐབས་ཁྲག་མང་པོ་བཞུར་བ་སོགས་འབྱུང་།
ཁྲག་དཀག་འགོག་པའི་སྨན་རྫས་ལ་ལས་བུ་སྣོད་ལས་ཁྲག་མང་པོ་བཞུར་དུ་འཇུག་ཆེད། ཟླ་མཚན་མང་དུ་འབབ་པ་དང་ཐ་ན་ཁྲག་མང་པོ་བཞུར་དུ་འཇུག་སྲིད་པས། ཟླ་མཚན་འབབ་སྐབས་ཁྲག་དཀག་འགོག་པའི་སྨན་རྫས་བསྟེན་མི་རུང་།
སྐུལ་རྩིའི་རིགས་ཀྱི་སྨན་རྫས། མིའི་ལུས་སྟེང་གི་སྐུལ་རྩིའི་འདྲེས་སྦྱོར་དང་གསར་འབྱེད་སྙོམས་སྒྲིག་བྱེད་པ་དེ་བུད་མེད་ཀྱི་ཟླ་མཚན་དུས་འཁོར་དང་འབྲེལ་བ་ཡོད། དེར་བརྟེན་ཟླ་མཚན་འབབ་སྐབས་སྐུལ་རྩིའི་རིགས་ཀྱི་སྨན་རྫས་བསྟེན་ན་དོ་མཉམ་ཡོང་མི་ཐུབ་པས་བསྟེན་ མི་རུང་།
བཤལ་སྨན། བཤལ་སྨན་ཁྲོད་ཀྱི་ཤོང་ཚད་རང་བཞིན་གྱི་བཤལ་སྨན་དེ། དཔེར་ན་ལིག་སོན་མེ( 硫酸镁)ཡིས་ཚང་ཁོག་ནང་དུ་ཁྲག་རྒྱས་སུ་བཅུག་ནས། ཟླ་མཚན་ཇེ་མང་དུ་བསྒྱུར་སྲིད་པས། བུད་མེད་ལ་ཟླ་མཚན་འབབ་སྐབས་བཤལ་སྨན་དེའི་རིགས་བསྟེན་མི་འོས།
ཚོ་བྱང་བའི་སྨན་རྫས། ཚོ་བྱང་བའི་སྨན་རྫས་ཁྲོད་དུ་ཟས་ཀྱི་ཡི་ག་འགོག་པའི་གྲུབ་ཆ་མང་པོ་ཡོད་པས། གལ་ཏེ་ཟླ་མཚན་འབབ་པའི་དུས་སུ་བསྟེན་ན། ཟླ་མཚན་མི་སྙོམས་པར་བཟོ་བ་དང་། གཅིན་མང་བ་དང་ཡང་ན་གཅིན་གཏོང་བར་གནོད་པ་ཡོད་པ། དེ་ལས་གཞན་སེམས་འཚབ་ཅིང་ཟླ་མཚན་འགག་པ་སོགས་བཟོ་སྲིད་པས། ཟླ་མཚན་འབབ་པའི་དུས་སུ་ཚོ་བྱང་བའི་སྨན་རྫས་རིགས་བསྟེན་མི་རུང་།
ཨོལ་གོང་གཤེར་རྨེན་གྱི་སྦྱོར་སྨན། སྨན་འདིའི་རིགས་ཀྱིས་ཟླ་མཚན་མི་སྙོམས་པར་བཟོ་སྲིད་པར་མ་ཟད། ད་དུང་ཚ་གདུག་མི་ཐེག་པ་དང་། སྙིང་གི་འཕར་ཚད་རྒྱུན་ལྡན་མིན་པ། ལུས་པོའི་ལྗིད་ཚད་ཇེ་དམར་འགྲོ་བ་བཅས་བཟོ་སྲིད་པས། ཟླ་མཚན་འབབ་སྐབས་སྨན་འདིའི་རིགས་ཀྱང་བསྟེན་མི་འོས།
ཁྲག་གཅོད་སྨན་རྫས། ཁྲག་གཅོད་སྨན་རྫས་ཀྱིས་ཁྲག་རྩ་ཕྲ་མོའི་བརྒྱུད་བརྟོལ་རང་བཞིན་ཇེ་དམར་བཏང་ནས། ཁྲག་རྩ་ཕྲ་མོ་སྐུམ་དུ་འཇུག་སྲིད་པས། ཁྲག་གཅོད་སྨན་རྫས་རིགས་ཀྱང་བསྟེན་མི་འོས།
བུད་མེད་རྣམས་ལ་ཟླ་མཚན་འབབ་པའི་སྐབས་སུ་མཉམ་འཇོག་བྱེད་དགོས་པའི་གནད་དོན་ཧ་ཅང་མང་པོ་ཡོད་པས། དོ་སྣང་ཅུང་ཟད་མ་བྱས་ཚེ་ལུས་ཡོངས་མི་བདེ་བ་དང་། ལྷག་པར་དུ་མོ་ནད་སྣ་ཚོགས་སློང་སྲིད། དེ་བས་བུད་མེད་རྣམས་ཀྱིས་ཟླ་མཚན་འབབ་སྐབས་སྨན་གང་འདོད་དུ་འཐུང་མི་རུང་། ངེས་པར་དུ་འཐུང་དགོས་བྱུང་ནའང་སྨན་པས་མཛུབ་སྟོན་འོག་འཐུང་དགོས། །
གོང་གི་ཤེས་བྱ་འདི་དག་མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།