སྤྱིར་བཏང་བུད་མེད་ལོ་ལྔ་བཅུའི་རྗེས་སུ་འབྱུང་བའི་སྟོབས་ཉམས་པ་དང་དབང་པོ་རྣམས་རིམ་བཞིན་ཉམས་པས་ཟླ་མཚན་མི་འབྱུང་ཞིང་རླུང་གི་ངོ་བོ་ཉིད་འཕེལ་བས་རྒས་པ་རླུང་ཤས་ཆེ་བའི་དུས་ཤིག་ཡིན་ལ། ཕྱི་ལུགས་གསོ་རིག་ལྟར་ན། བསམ་སེའུ་བྱེད་ལས་ཉམས་རྒུད་དུ་སོང་སྟེ་ཟགས་ཐོན་གྱི་མངར་ཆའི་ཚད་སྐྱེ་ལམ་དུ་འགྲོ་མ་ཐུབ་པ། མོ་གཤིས་སྐུལ་རྩི་ཇེ་ཉུང་དུ་སོང་བ་དང་སྐྱེ་ལམ་གྱི་གཤེར་རྨེན་དེ་དག་གི་ནུས་པ་ཉམས་པ་བཅས་ཀྱིས་སྐྱེ་ལམ་ལ་གཙང་སེལ་བྱེད་མ་ཐུབ་པར་སྐྱེ་ལམ་རུབ་པའམ་འབྱར་བས་གཉན་ཚད་རྒྱས་ཡོད་པ་ཞིག་ཡིན།
དབྱེ་བ་ནི། ཁྲག་མཁྲིས་ལས་གྱུར་པ་དང་རླུང་ཚད་ལས་གྱུར་པ་གཉིས་ཡོད། ཁྲག་མཁྲིས་ལས་གྱུར་པའི་ནད་རྟགས་ནི། རྩ་ཆུ་གཉིས་ལ་ཞིབ་ཏུ་བརྟགས་ན་ཁྲག་མཁྲིས་ཀྱི་རྟགས་མངོན་པ་དང་། གྲང་བ་དཀར་སེར་དྲི་ངན་ཡོང་བ་དང་། སྐབས་རེར་སྐྱེ་ལམ་ལ་ཚ་ཤུར་རྒྱག་པ། དེར་གང་འབྱེད་ཆ་བྱད་བཀོལ་ནས་སྐྱེ་ལམ་ལ་བརྟག་དཔྱད་བྱེད་དུས་སྐྱེ་ལམ་འཁུམས་པའམ་ཅུང་རུབ་པས་ཁྲག་འབབ་སླ་བ་དང་སྐྱེ་ལམ་དམར་ཤས་ཆེ་ལ་དམར་ཐུག་མང་པོ་མངོན་པ་ཞིག་ཡིན།
རླུང་ཚད་ལས་གྱུར་བའི་ནད་རྟགས་ནི་རྩ་ཆུ་གཉིས་ལ་རླུང་ཚད་ཀྱི་རྟགས་མངོན་པ་དང་ཐུར་སེལ་རླུང་དར་མ་ལས་ཅུང་ཉམས་ཡོད་པས་གྲང་དཀར་ཟགས་ཚད་རྒྱུན་ལྡན་མིན་པ་དང་ཟགས་པ་དེ་དྲི་མ་ཆུང་ལ་ཁ་དོག་དཀར་ལ་ངོ་བོ་སླ་བ་ཡིན། གཅིན་ཁ་སྙི་ཞིང་སྐྱེ་ལམ་དུ་ཚ་ལྷིང་ངེར་བྱེད་པའི་ཚོར་བ་ཡོད། འདིར་ཡང་གསལ་འབྱེད་ཆ་བྱེད་བཀོལ་ནས་སྐྱེ་ལམ་དུ་བརྟག་དཔྱད་བྱེད་དུས་སྐྱེ་ལམ་འཁུམས་པ་དང་འཁུམས་པ་དང་ཅུང་རུབ་པས་ཁྲག་འབྱུང་སླ་བ་དང་སྐྱེ་ལམ་གྱི་སྐྱི་པགས་སོགས་མདོག་དམར་སྐྱར་གྱུར་པ་ཞིག་ཡིན།
རྩོམ་སྒྲིག་པ། འབྲུག་མོ།