གལ་ཏེ་སྙིང་གི་ལྡིང་ཚད་མགྱོགས་དྲགས་པའམ་དལ་དྲགས་པ་དང་། མཚམས་ལར་ད་རུང་སེམས་འཚབ་པ་དང་སྙིང་གཡུག་པ། བྲང་ཁ་ན་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། དེ་ནི་སྙིང་གི་འཕར་སྟངས་རྒྱུན་ལྡན་མིན་པའི་རྟགས་ཡིན།
སྙིང་གི་འཕར་སྟངས་མི་སྙོམས་པ་དེ་ནམ་རྒྱུན་ཐང་ཆད་པ་དང་སེམས་འཚབ་པ། ཇ་ཁ་མོ་དང་འཚིག་ཇ་འཐུང་རྗེས་བྱུང་བ་ཞིག་ཡིན་ལ། ལུས་ཕུང་བརྟག་དཔྱད་བྱེད་སྐབས་ད་གཟོད་ཤེས་ཐུབ། རྒྱུན་ལྡན་གྱི་མི་ལ་ཤག་གཤིས་རང་བཞིན་གྱི་སྙིང་གི་འཕར་སྟངས་མི་སྙོམས་པའི་ནད་རྟགས་འབྱུང་བ་དང་། དེའང་ནད་རིགས་ཁ་ཤས་ཀྱི་མཚོན་རྟགས་ཀྱང་ཡིན།
ཤག་གཤིས་རང་བཞིན་གྱི་སྙིང་གི་འཕར་སྟངས་མི་སྙོམས་པ་དེས་སྙིང་ལྡིང་ཚད་རྒྱུན་ལྡན་ལས་ཇེ་མགྱོགས་སུ་གཏོང་བ་དང་། མཚམས་ལར་ད་རུང་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་སྲིད་པས། ནམ་རྒྱུན་སྙིང་གི་འཕར་སྟངས་མི་སྙོམས་པ་དེ་སྣང་མེད་དུ་འཇོག་མི་རུང་ལ། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་བརྟག་བཅོས་བྱེད་དགོས། དེས་ན་སྙིང་གི་འཕར་སྟངས་མི་སྙོམས་པ་དེ་ཇི་ལྟར་ཤེས་དགོས་སམ།
ནད་རྟགས་ལ་བལྟས་ནས་སྙིང་གི་འཕར་སྟངས་མི་སྙོམས་པ་དེ་ངོས་འཛིན་བྱེད་དགོས་ལ། སྙིང་གི་ལྡིང་ཚད་དེར་ཆོས་ཉིད་ངེས་ཅན་ཡོད་པས། ལྡིང་ཚད་མགྱོགས་པའམ་དལ་བ་གང་ཡིན་རུང་། ཐེངས་རེའི་སྙིང་ལྡིང་ཚད་ཀྱི་བར་ཐག་ཕལ་ཆེར་གཅིག་འདྲ་རེད། རྒྱུན་མཐོང་གི་སྙིང་གི་འཕར་སྟངས་མི་སྙོམས་པ་ནི། སྙིང་ལྡིང་ཚད་གློ་བུར་དུ་བཞག་པའམ་ཡང་ན་ན་ཟུག་ལངས་བའི་ཚོར་སྣང་ཡོད་ལ། ཚབས་ཆེ་བའི་སྐབས་སུ་ད་རུང་དབུགས་ཧད་པ་དང་ཐང་ཆད་པའི་སྣང་ཚུལ་འབྱུང་སྲིད། སྙིང་དང་རྩའི་འཕར་ཚད་ལ་བརྟག་དཔྱད་བྱས་ནས་སྙིང་གི་འཕར་སྟངས་མི་སྙོམས་པ་ངོས་འཛིན་བྱེད་དགོས། འཕར་རྩ་ནི་སྙིང་ཤག་འཁུམ་འདུ་བྱས་ནས་འཕར་རྩའི་ཁྲག་རྩར་ཕོག་ཐུག་བཏང་བ་ལས་བྱུང་བའི་འཕར་འགུལ་གྱི་རྣམ་པ་ཞིག་ཡིན་ཞིང་། སྙིང་ཤག་འཁུམ་འདུ་ཐེངས་རེ་བྱས་ན་འཕར་རྩ་ཐེངས་རེ་འགུལ་བ་དང་། རྒྱུན་ལྡན་གྱི་གནས་ཚུལ་འོག་འཕར་རྩའི་འགུལ་སྟངས་སྙོམས་པ་ཡིན། གོང་གི་ཚོར་སྣང་དེ་དག་ཐོན་ཚེ། མྱུར་དུ་རང་ཉིད་ཀྱི་འཕར་རྩའི་རྒྱུ་བར་རེག་ཏེ། འཕར་རྩའི་འགུལ་སྟངས་རྒྱུན་ལྡན་མིན་ཚེ། དེ་ནི་སྙིང་གི་འཕར་སྟངས་མི་སྙོམས་པའི་རྟགས་ཡིན། གལ་ཏེ་རྩའི་རྒྱུ་བར་རེག་ནས་སྙིང་གི་འཕར་འགུལ་ལ་བརྟག་པ་ལས་ནད་གཞི་ཉན་ཆས་ཀྱིས་ཉན་ན་སྙིང་གི་འཕར་འགུལ་རྒྱུན་ལྡན་ཡིན་མིན་དེ་གསལ་བོར་ཤེས་ཐུབ། སྙིང་གཟེར་ལངས་པ་དང་མཉམ་དུ་སྙིང་གི་འཕར་སྟངས་མི་སྙོམས་པ་བྱུང་ཚེ། དེ་ནི་སྙིང་གི་འཕར་སྟངས་ཆེས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཚབས་ཆེན་ཡིན་པས་ཉེན་ཁ་ཧ་ཅང་ཆེ། གལ་ཏེ་ཏོག་དབྱིབས་འཕར་རྩའི་སྙིང་ནད་དང་སྙིང་ཤའི་ཁྲག་རྒྱུན་འཁོར་སྐྱོད་མི་ལེགས་པ་མ་ཟད། སྙིང་གཟེར་ལངས་སྐབས་སྙིང་གི་འཕར་སྟངས་མི་སྙོམས་ཚེ། ནད་པར་སྙིང་གི་འཕར་སྟངས་མི་སྙོམས་པའི་རྟགས་ཚབས་ཆེན་བྱུང་ཏེ་འཆི་བའི་ཉེན་ཁ་ཡོད་པས། སྔ་མོ་ནས་དོ་སྣང་དང་གཟབ་གཟབ་བྱེད་དགོས།
ལོ་ཙཱ་བ། འབྲུག་མོ