ནད་པ་རྣམས་ཀྱིས་སྨན་པའི་ངག་བཀོད་ལྟར། གཤགས་བཅོས་བྱེད་ཁར་ཟ་མ་ཁམ་གང་དང་ཆུ་ཧུབ་གང་ཡང་མི་འཐུང་མོད། ཡིན་ནའང་ལ་ལས་ལུས་སྟོབས་གསོ་དགོས་བསམ་ནས་སིལ་ཏོག་ངང་ལག་ཅུང་ཙམ་དང་འོ་མ་ཉུང་ཙམ་འཐུང་ཟིན་ཞེས་བཤད་མཁན་ཡང་ཡོད་པ་རེད། དེ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཤ་སྟག་སྟེ། དེ་ལྟར་བྱས་ན་གཤགས་བཅོས་བྱེད་པའི་དུས་ཚོད་འགོར་འགྱངས་སུ་བཏང་བ་རེད། གལ་ཏེ་སྨན་པར་གསང་ནས་གཤགས་བཅོས་བྱེད་ཁར་ཟ་མ་ཟོས་ན་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་ངེས།
དེས་ན་ཅིའི་ཕྱིར་གཤགས་བཅོས་བྱེད་ཁར་ཟ་མ་ཟ་མི་ཉན་པ་ཡིན་ནམ་ཞེ་ན། མིད་ཐག་དང་ཕོ་བའི་འབྲེལ་མཚམས་སུ་སྡོམ་ཤའི་བྱེད་ལས་ཞིག་ཡོད་པ་དེས་ཕོ་བའི་ནང་གི་ཟས་དང་ཕོ་སྐྱུར་ལངས་པ་དེ་ཕྱིར་མིད་ཐག་ནང་དང་ཁ་ནང་དུ་བཞུར་དུ་མི་འཇུག་པ་ཡིན། ཟས་མིད་པ་ནི་ཧ་ཅང་ཞིབ་ཚགས་ལྡན་ལ་རྙོག་འཛིང་ཆེ་བའི་ལས་ཞིག་སྟེ། བཟའ་བཏུང་ལ་རོལ་བའི་སྐབས་སུ་ཟས་རིགས་རྣམས་མིད་ཐག་བརྒྱུད་ནས་ཕོ་བའི་ནང་དུ་འགྲོ་རུ་འཇུག་པ་ལས་གློ་ཡུ་ནང་དུ་གཏན་ནས་འགྲོ་རུ་མི་འཇུག་པའི་ཁག་ཐེག་བྱེད་དགོས། དཔེར་ན་ཆུ་འཐུང་སྐབས་གློ་ཡུ་དང་གློ་ཡུའི་ཡན་ལག ཡང་ན་གློ་བའི་ནང་དུ་སོང་ན། དེ་མ་ཐག་གློ་ལུ་ནས་ནང་གི་ཟགས་ཐོན་གཙང་སེལ་བྱེད་སྲིད།
བཟི་སྨན་བརྒྱབ་རྗེས། མིད་ཐག་དང་ཕོ་བའི་འབྲེལ་མཚམས་ཀྱི་སྡོམ་ཤའི་བྱེད་ལས་ཉམས་ནས་ནུས་པ་ཐོན་མི་ཐུབ་པ་ཡིན། དེ་བས་ཕོ་བའི་ནང་གི་ཟས་རྣམས་ཕྱིར་མིད་ཐག་ནང་དང་ཁ་ནང་དུ་བཞུར་ནས། མིད་ཐག་གཅོད་པའམ་ཡང་ན་གློ་ཡུ་ནང་དུ་སོང་ཚེའང་གློ་ལུ་རྒྱག་མི་ཐུབ་པས་གློ་ཚད་འབྱུང་བ་སོགས་ཉེན་ཁ་ཆེན་པོ་བཟོ་སྲིད། དེ་བས་སྨན་པའི་ངག་བཀོད་ལྟར་གཤགས་བཅོས་བྱེད་ཁར་ཟས་ཁམ་གང་དང་ཆུ་ཐིགས་པ་གཅིག་ཙམ་ཡང་འཐུང་མི་རུང་།
2014ལོའི《མི་དར་མ་དང་བྱིས་པར་བཟི་སྨན་རྒྱག་སྐབས་ཀྱི་བཟའ་བཏུང་གི་འཛེམ་བྱའི་སྐོར》གཞིར་བཟུང་ནས། བཟའ་བཏུང་གི་བསྟེན་ཚུལ་གྱི་དུས་ཚོད་ཐག་གཅོད་དགོས་ཏེ། དཔེར་ན་ཆུ་སོགས་ཡིན་ན་གཤགས་བཅོས་མ་བྱས་གོང་གི་དུས་ཚོད་གཉིས་ཀྱི་སྔོན་དུ་འཐུང་མཚམས་འཇོག་དགོས། བྱིས་པར་ཨ་མའི་ནུ་མ་བསྣུན་པར་དུས་ཚོད་བཞིའི་སྔོན་དུ་བསྣུན་མཚམས་འཇོག་དགོས། འོ་མ་དང་འོ་རྫས་ཟས་རིགས་རྣམས་གཤགས་བཅོས་མ་བྱས་གོང་གི་དུས་ཚོད་དྲུག་གི་སྔོན་དུ་ཟ་མཚམས་འཇོག་དགོས། གོ་རེ་དང་འབྲས། ཧུབ་སོགས་ལྟ་བུའང་དུས་ཚོད་དྲུག་གི་སྔོན་དུ་མཚམས་འཇོག་དགོས། ཤ་དང་སྣུམ་བཙོས་ཟས་རིགས་ལྟ་བུ་དུས་ཚོད་བརྒྱད་ཀྱི་སྔོན་དུ་ཟ་མཚམས་འཇོག་དགོས།
འཇུ་ལམ་གྱི་གཤགས་བཅོས་སམ་གཤགས་བཅོས་གཞན་པའི་རིགས་ཀྱི་བཟའ་བཏུང་བསྟེན་མི་རུང་བའི་སྐོར་ལ་ལྷག་ཏུ་དོ་སྣང་ཆེན་པོ་བྱེད་དགོས་པའི་རིགས་ལ་ཆེད་ལས་སྨན་པའི་ངག་བཀོད་ལ་ཉན་དགོས། །
ལོ་ཙཱ་བ། འབྲུག་མོ།