འཇུ་བྱེད་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ལའོ་ཏེན་ཧེ་ཡིས་བཤད་རྒྱུར། ལོང་འབྲས་ནི་བཅོ་དཀའ་བའི་རྒྱུན་མཐོང་གི་སྐྲན་ནད་ཅིག་ཡིན་ཞིང་། སྤྱིར་བཏང་དུ་གཞང་ལམ་དང་གཉེ་མའི་འབྲེལ་མཚམས་སུ་བྱུང་བ་ཞིག་ཡིན། ལོ་བཞི་བཅུ་ནས་ལྔ་བཅུའི་བར་གྱི་མི་ལ་ནད་དེ་འབྱུང་ཚད་ཆེས་མཐོ། ཉེ་བའི་ལོ་འགར། ལོང་འབྲས་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ལོ་ཆུང་རྣམས་ལ་དེ་བས་ཀྱང་འབྱུང་ཚད་མཐོ། དེས་ན། ལོང་འབྲས་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་གང་དག་ཡིན་ནམ་ཟེར་ན།
གཅིག བཟའ་བཏུང་བསྟེན་ཚུལ། རྒྱུན་པར་ཚ་ཚད་མཐོ་ཞིང་སྣུམ་ཞག་ཆེ་བ་དང་སྤྲི་དཀར་མཐོ་བ། ཚི་སྣ་འདུས་ཚད་དམའ་བ་སོགས་ཀྱི་ཟས་རིགས་ཟ་བ་དེས་རྒྱུ་ལྡེབས་ལ་ཕོག་ཐུག་བཏང་ཏེ་བཤང་བ་སྐམ་པར་བྱས་ཤིང་། དེ་ལྟར་ཡུན་རིང་འགོར་ཚེ་ལོང་འབྲས་བསྐྱེད་པའི་ཉེན་ཁ་བཟོ་སྲིད།
གཉིས། འཚོ་བའི་ཁོར་ཡུག དེང་རབས་པའི་འཚོ་བའི་འགྲོས་མགྱོགས་ཤིང་སེམས་ཁམས་ཀྱི་གནོན་ཤུགས་ཆེ་ལ། འགུལ་སྐྱོད་མི་བྱེད་པ་བཅས་ཀྱིས་རྒྱུ་མའི་འགུལ་ཚད་ཇེ་དལ་ཇེ་ཞན་དུ་བཏང་སྟེ། བཤང་བའི་ཁྲོད་ཀྱི་གནོད་ལྡན་གྲུབ་ཆ་ལོང་གའི་ནང་ལུས་བར་མ་ཟད་རྒྱུ་མའི་འབྱར་སྐྱིར་ཕོག་ཐུག་བཏང་ཞིང་། མི་ཁ་ཤས་ལ་ལོང་འབྲས་བསྐྱེད་པའི་རྒྱུ་རྐྱེན་ཏུ་ཡང་གྱུར་བ་རེད། དེ་ལས་གཞན། ཡུན་རིང་དུ་བ་འཐེན་པ་དང་ཆང་འཐུང་བ་དེས་ཀྱང་ལོང་འབྲས་བསྐྱེད་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།
གསུམ། རྒྱུད་འདེད་རང་བཞིན། ཁྱིམ་རྒྱུད་ལ་སྐྲན་ནད་ཡོད་པའི་མི་ལ་ལོང་འབྲས་འབྱུང་ཚད་མི་གཞན་དག་ལས་མཐོ།
ལོང་འབྲས་བྱུང་བའི་ནད་པའི་དུས་སྔ་མའི་ནད་རྟགས་ནི་གསུས་པ་སྦོ་བ་དང་ཟས་མི་འཇུ་བ། བཤང་བ་སྐམ་པ། ན་ཟུག་ལངས་བ། དེ་ནས་འབྱར་བག་རང་བཞིན་ནམ་རྣག་གཤིས་རང་བཞིན་གྱི་རྩ་འབབ་པ་དང་ཁྲག་འདྲེས་པ་ཡིན། ནད་པའི་དུས་སྔ་མའི་ནད་རྟགས་མངོན་གསལ་མིན་པས་ནད་གཞི་ངོས་འཛིན་བྱེད་པར་འགོར་འགྱངས་བྱེད་སྲིད། ལོང་འབྲས་ཀྱི་དུས་སྔ་མའི་ཆེས་དཔེར་མཚོན་གྱི་ནད་རྟགས་ནི་བཤང་བའི་ནང་ཁྲག་འདྲེས་པ་དེ་ཡིན་ལ། བརྒྱ་ཆའི་བརྒྱད་ཅུ་ཡི་ལོང་འབྲས་ནད་པ་ཚང་མར་བཤང་བའི་ནང་ཁྲག་འདྲེས་པའི་སྣང་ཚུལ་ཡོད་པ་ཡིན། འོན་ཀྱང་བཤང་ལམ་དང་རྒྱུ་ལམ་གྱི་ནད་བྱུང་བའི་ནད་པར་ཡང་བཤང་བའི་ནང་ཁྲག་འདྲེས་པའི་སྣང་ཚུལ་ཡོད། དཔེར་ན་གཞང་འབྲུམ་དང་གཞང་གས། རྒྱུ་མའི་ཤ་འཛེར་སོགས་ལྟ་བུར་ཡང་བཤང་བའི་ནང་ཁྲག་འདྲེས་པའི་རྟགས་ཡོད། ནད་དེ་གཉིས་ཀྱི་ནད་རྟགས་གཅིག་འདྲ་ཡིན་པས་ངོས་འཛིན་བྱེད་སྐབས་ནོར་འཁྲུལ་འབྱུང་སླ། ནད་པ་མང་ཤས་ཀྱིས་བཤང་བའི་ནང་ཁྲག་འདྲེས་ཚེ་གཞང་འབྲུམ་ལ་ངོས་བཟུང་ནས་དོ་སྣང་བྱེད་ཀྱིན་མེད། སྤྱིར་བཏང་དུ་ལོང་འབྲས་བྱུང་བའི་ལོ་ཆུང་ནད་པར་མི་བདེ་བའི་ནད་རྟགས་བྱུང་བ་ནས་བརྟག་དཔྱད་ངོས་འཛིན་བྱེད་པའི་དུས་ཡུན་ཧྲིལ་བོ་ནི་ཟླ་ལྔ་ནས་ཟླ་བཅུའི་བར་ཡིན་པས། ཐད་ཀར་ནད་བབ་འགོར་འགྱངས་སུ་བཏང་བ་རེད།
དེར་བརྟེན། རྩ་སྐམ་པ་དང་ཡུན་རིང་དུ་གསུས་པ་བཤལ་བ། ན་ཟུག་ལངས་བ། གསུས་པའི་གནས་སུ་སྐྲངས་འབུར་ཡོད་པ་སོགས་རྒྱུན་ལྡན་མིན་པའི་རྟགས་ཐོན་ཚེ། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ལོང་འབྲས་ཡིན་མིན་ལ་བརྟག་དཔྱད་ལེགས་པོ་བྱེད་དགོས།
ལོ་ཙཱ་བ། འབྲུག་མོ།