དེང་སྐབས་གྲོང་ཁྱེར་གྱི་མི་རྣམས་ཀྱི་འཚོ་བ་དང་བྱ་བའི་འགྲོས་མགྱོགས་པ་དང་། མཚམས་ལན་རེར་དུ་ཆང་ལ་བརྟེན་ནས་སེམས་ཁམས་ཀྱི་གནོན་ཤུགས་དང་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་སེལ་དགོས་པའི་དུས་ཀྱང་ཡོད། དེ་ལྟར་ཡུན་རིང་འགོར་ན། སྙིང་གི་ཁུར་བོ་ཇེ་ལྗིད་དུ་འགྲོ་བར་མ་ཟད། ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་བཅས་ཀྱང་རིམ་གྱིས་ཇེ་མཐོར་འགྲོ་སྲིད། ང་ཚོས་མིག་སྔར་ངེས་པར་བརྒྱུད་དགོས་པའི་འཚོ་བའི་གནོན་ཤུགས་དེར་བཅོས་སྒྱུར་བྱེད་མི་ཐུབ་མོད། རང་ལུས་བདེ་ཐང་ལ་དོ་སྣང་ཅུང་ཟད་བྱེད་དགོས་ཤིང་། ལྷག་པར་དུ་སྙིང་ནད་ཀྱི་ཉེན་ཁ་ཆེ་བའི་དུས་རིམ་རེ་རེར་ངེས་པར་མཉམ་འཇོག་གང་ལེགས་བྱེད་དགོས།
གཅིག ལས་རིགས་སྟེང་འབད་འབུངས་ལྷོད་མེད་བྱེད་པའི་དུས་སྐབས།
སྤྱིར་ལོ་སུམ་ཅུ་ནས་བཞི་བཅུའི་བར་ནི་མི་རྣམས་ཀྱིས་བྱ་བ་དང་འཚོ་བའི་ཕྱོགས་སུ་འབད་འབུངས་ལྷོད་མེད་བྱེད་པའི་དུས་སྐབས་ཡིན་པས། སྐབས་དེར་མཚན་བསྐྱལ་ནས་བྱ་བར་ལས་སྣོན་བྱེད་པ་དང་མགྲོན་པོར་སྣེ་ལེན་བྱས་ནས་ཆང་འཐུང་བ་སོགས་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། ཐང་ཆད་པའི་སྐབས་སུ་དུ་བ་འཐེན་པ་དེ་ཡང་གོམས་སྲོལ་ཞིག་ཏུ་གྱུར་ཡོད། དེ་བས་བདེ་ཐང་གི་ཐད་ནས་བཤད་ན། སྐབས་འདིར་སྙིང་ནད་འབྱུང་བའི་ཉེན་ཁ་ཆེ་བས་དུ་བ་གཅོད་པ་དང་ཆང་ཉུང་འཐུང་བྱེད་དགོས་ཤིང་། བཟའ་བཏུང་གི་ཐད་ནས་ཀྱང་སྔོ་ཚལ་གྱི་རིགས་མང་ཙམ་ཟ་བ་དང་། འོ་མ་དང་སིལ་ཏོག་གསར་བའི་རིགས་ཀྱང་ཟ་དགོས། ཐང་ཆད་པའི་དུས་སུ་མུ་མཐུད་དུ་བྱ་བ་མི་སྒྲུབ་པར་ངལ་གསོ་རེ་བྱས་ན་བཟང་།
གཉིས། བྱ་བར་གྲུབ་འབྲས་མངོན་པའི་དུས།
དུས་སྐབས་དེར་བྱ་བ་དང་ཁྱིམ་ཚང་སོགས་ཕྱོགས་གང་ཐད་ནས་ཀྱང་ཅུང་བརྟན་འཇགས་སུ་གྱུར་ཡོད། ཡིན་ནའང་ཚེ་སྟོད་ལ་དཀའ་སྡུག་གང་མང་མྱངས་པ་ལས་སྙིང་ཁམས་ལ་ཕོག་ཐུག་གང་མང་ཐེབས་ཡོད་པས་དོ་སྣང་ཅུང་ཟད་མ་བྱས་ཚེ་ཇེ་སྡུག་ཏུ་འགྱུར་སྲིད། དེ་བས་སྐབས་དེར་དགའ་ཕྱོགས་རེ་སྐྱེད་བསྲིངས་བྱེད་པ་དང་འཚོ་བའི་གོམས་གཤིས་མི་ལེགས་པ་རྣམས་བཅོས་བསྒྱུར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། གལ་ཏེ་སྙིང་ཁམས་དང་ཁྲག་ཤེད་རྒྱུན་ལྡན་མིན་པ་ཤེས་ཚེ། དུས་ཐོག་ཏུ་སྨན་པར་སྟོན་དགོས།
གསུམ། ཚེ་སྨད་དུ་ངལ་གསོ་བའི་དུས་སྐབས།
ལས་འཁྱུར་ངལ་གསོ་བྱས་རྗེས་བྱ་བའི་གནོན་ཤུགས་མེད་མོད། ལོ་རྒས་པ་དང་བསྟུན་ནས་སྙིང་དང་ཁྲག་ཤེད་སོགས་ནད་རིགས་གང་མང་ཞིག་ལྷང་ལ་འབུད་སྲིད། དེ་བས་རྒན་པ་རྣམས་ཀྱིས་དུས་སྐབས་དེར་ཚན་རིག་དང་མཐུན་པའི་བཟའ་བཏུང་ལ་རོལ་བ་དང་ལུས་ཕུང་སྦྱོང་བརྡར་བྱེད་པ། ཆང་དང་དུ་བ་སོགས་གཅོད་དགོས། རོལ་དབྱངས་དང་ལ་ཉན་པ་དང་ཡིག་གཟུགས་འབྲི་བ་སོགས་རང་ཉིད་ཀྱི་དགའ་ཕྱོགས་སྐྱེད་སྲིང་བྱས་ན་ཚེ་ཐག་རིང་བར་ཕན་པ་ཡོད།
གཤམ་གྱི་སྙིང་ནད་ཀྱི་མངོན་རྟགས་ཆུང་ངུ་འདི་དག་ལ་ཚང་མས་མཉམ་འཇོག་བྱེད་དགོས།
ཕོ་བ་ན་བ། སྙིང་ནད་དང་འབྲེལ་ནས་བྱུང་བའི་ཕོ་བ་ན་བའི་རྟགས་ནི་ཕོ་བ་སྦོས་པ་དང་ཚ་བ། ན་ཟུག་དྲག་ཏུ་ལངས་པ་དང་སྐྱུག་མེར་ལངས་བ། དེ་མིན་ད་དུང་རྔུལ་ཆུ་བཞུར་བ་སོགས་འབྱུང་།
མིད་པ་མི་བདེ་བ། ཐང་ཆད་དུས་མིད་པ་ན་བའི་རྟགས་འབྱུང་། སྐབས་དེར་མི་མང་ཆེ་བ་རྣ་སྣ་མགྲིན་པའི་ཚན་ཁག་ཏུ་སོང་ནས་བརྟག་དཔྱད་བྱས་ན་ནད་རྟགས་ཅི་ཡང་མེད་ལ་སྙིང་ཁམས་ལ་བརྟག་ཚེ་ད་གཟོད་སྙིང་ཤའི་ཁྲག་གི་འཁོར་རྒྱུགས་མི་ལེགས་པའི་སྣང་ཚུལ་ཡོད།
མགལ་རུས་ན་བ་དང་། སོ་ན་བ། སྙིང་ནད་བཅས་ལས་བསླངས་པའི་སོ་ན་བ་དེ་མྱུར་བའི་རང་བཞིན་གྱི་སོ་རྐང་གཉན་ཚད་ལས་སོ་ན་བ་དང་རིགས་འདྲ་བས། གསོ་རིག་གི་སྟེང་ནས་དེ་ལ་སྙིང་ཁུངས་རང་བཞིན་གྱི་སོ་ན་བ་ཟེར། སྙིང་ཁུངས་རང་བཞིན་གྱི་སོ་ན་བའི་ཁྱད་ཆོས་ནི་སོ་ཤིན་ཏུ་ན་བ་དང་། ལྡང་དུབ་རང་བཞིན་གྱིས་ན་བ། རྒྱུན་པར་འགུལ་སྐྱོད་དྲག་པོ་བྱེད་པ་དང་འགྲངས་དྲགས་པ། སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཐེབས་པ་བཅས་ལས་བྱུང་བ་རེད། ངལ་གསོ་ཅུང་ཙམ་བྱས་རྗེས་ནད་རྟགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་སྲིད། དེ་ལ་ཁ་ནད་ཚན་ཁག་ནས་བརྟག་དཔྱད་བྱས་ཚེ་སོ་ནད་ཀྱི་མངོན་རྟགས་གསལ་བོར་མེད།
ལག་ངར་དང་ཕྲག་གདེང་སོགས་ན་བ་དེ་ཅུང་རྒྱུན་མཐོང་གི་རྟགས་ཤིག་ཡིན་པ་དང་། ན་ཟུག་དྲག་པོ་མེད་ལ། ད་དུང་སྲིན་མཛུབ་དང་མཛུབ་ཆུང་ལའང་ཟུག་གཟེར་རྒྱུགས་སྲིད། དེ་དག་ཚང་མ་ནི་སྙིང་གཟེར་ནད་ཀྱི་མངོན་རྟགས་ཡིན། ཐང་ཆད་དྲགས་པ། རྒྱུན་ལྡན་གྱི་འགུལ་སྐྱོད་ཙམ་གྱིས་ཀྱང་ལུས་ཕུང་ཐང་ཆད་པར་མ་ཟད། ཐ་ན་རྐང་ཐང་དུ་འགྲོ་བའི་ལུས་སྟོབས་ཀྱང་མེད་པའི་སྣང་ཚུལ་འབྱུང་བ་སོགས་ཚང་མ་ནི་སེམས་ཤུགས་ཉམས་པའི་རྟགས་ཡིན་པས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་།
ལོ་ཙཱ་བ། འབྲུག་མོ།