སྙིང་གཟེར་གྱི་ནད་བྱུང་ཡོད་པའི་ནད་པས་ལུས་ཕུང་བཀྲུ་སྐབས་རྒྱུན་པར་སྙིང་མི་བདེ་བའི་གནས་ཚུལ་འབྱུང་བཞིན་ཡོད། དེའི་རྒྱུ་མཚན་ཅི་ཡིན་པ་དང་མཉམ་འཇོག་གང་དག་བྱེད་དགོས་སམ་ཟེར་ན།
ཆེད་མཁས་པས་བཤད་རྒྱུར། སྙིང་གཟེར་བྱུང་ཡོད་པའི་ནད་པས་ལུས་ཕུང་བཀྲུ་སྐབས་དྲན་མེད་དུ་བརྒྱལ་བར་དོགས་ཟོན་བྱེད་དགོས། ལུས་ཕུང་བཀྲུ་བ་ནི་ལུས་ཤུགས་ངལ་རྩོལ་ཆེན་པོ་ཞིག་བྱས་པ་དང་འདྲ་ཞིང་། དེའི་ཁར་ད་དུང་ལུས་འཁྲུད་ཁང་དུ་ཁ་རླངས་མང་ཞིང་དབྱང་དབུགས་དཀོན་པས། དབུགས་འཚང་བ་དང་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་རེད་ཟེར།
སྙིང་གཟེར་ནད་པས་ལུས་ཕུང་བཀྲུ་སྐབས་ན་ཟུག་ལངས་པའི་རྒྱུ་མཚན་ནི། སྙིང་གཟེར་ལངས་པ་དེ་པྲོག་དབྱིབས་འཕར་རྩར་ཁྲག་གིས་མི་འདང་བ་དང་སྙིང་ཤར་གནས་སྐབས་རང་བཞིན་གྱི་ཁྲག་གིས་མི་འདང་བ་དང་དབྱང་དབུགས་ཀྱིས་མི་འདང་བ་ལས་བསྐྱེད་པའི་ནད་ཐོག་གི་ཕྱོགས་བསྡུས་ནད་རྟགས་ཤིག་རེད། དེའི་མངོན་རྟགས་ནི་ལྡང་དུབ་རང་བཞིན་ཅན་གྱི་བྲང་ཁ་ན་བ་རེད། སྤྱིར་ངལ་རྩོལ་བྱས་པའམ་ཡང་ན་སེམས་ཁམས་ལ་ཕོག་ཐུག་ཐེབས་པའི་སྐབས་སུ་ན་བ་དང་ངལ་གསོ་བྱས་རྗེས་སམ་ཞའོ་སོན་སྨན་རྫས་འཐུང་རྗེས་མེད་པར་འགྱུར་འགྲོ།
སྙིང་གཟེར་ནད་ཡོད་པའི་ནད་པས་ལུས་ཕུང་བཀྲུ་སྐབས། ལུས་སྟེང་གི་ཁྲག་རྩ་ཆེར་རྒྱས་པ་དང་། སྤྱི་པགས་དང་ཤ་གསེང་ནས་ཁྲག་བཞུར་ཚད་ཇེ་མང་དང་། ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་བཅས་སུ་འགྲོ་བ་རེད། གལ་ཏེ་འདིའི་སྐབས་སུ་ལུས་འཁྲུད་ཁང་གི་རླངས་པ་ཇེ་མང་དང་དབྱང་དབུགས་ཇེ་དམར་སོང་ན། མིའི་ལུས་སྟེང་གི་དབྱང་རླུང་ཇེ་ཉུང་དུ་གྱུར་ནས་དབྱང་དབུགས་དཀོན་པའི་སྣང་ཚུལ་བྱུང་སྟེ། ནད་རྟགས་ཅུང་ཡང་བ་ལ་མགོ་ཡོམ་འཁོར་བ་དང་མགོ་ན་བ་དང་། ནད་རྟགས་ལྗིད་མོར་དྲན་མེད་དུ་བརྒྱལ་སྲིད། ལྷག་པར་དུ་ཁྲག་ཤེད་མཐོ་བ་དང་ཀླད་སྙིང་ཁྲག་རྩའི་ནད། ཀླད་པའི་འཕར་རྩ་སྲ་འགྱུར་ནད་བྱུང་ཡོད་པའི་ནད་པར་སྙིང་གཟེར་ལངས་སྲིད།
དེ་བས་གཤམ་དུ་སྙིང་གཟེར་བྱུང་ཡོད་པའི་ནད་པས་ལུས་ཕུང་བཀྲུ་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་པའི་སྐོར་ངོ་སྤྲོད་ཅིག་བྱེད།
གཅིག ལུས་པོ་བཀྲུ་སྐབས་ཆུའི་དྲོད་གྲང་དེ་འདྲའི་མཐོ་མི་རུང་། སྤྱིར་བཏང་དུ་ཆུའི་དྲོད་གྲངས་ཏུའུ35ནས་ཏུའུ40བར་ཡིན་དགོས། ཆུའི་དྲོད་གྲངས་མཐོ་དྲགས་ན་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་ནས། སྙིང་གི་ཁུར་བོ་ཇེ་ལྗིད་དུ་གཏོང་སྲིད།
གཉིས། ལུས་ཕུང་བཀྲུ་བའི་དུས་ཚོད་རིང་མི་རུང་སྟེ། སྤྱིར་ཡིན་ན་དུས་ཚོད་ཕྱེད་ཀའི་ནང་ལུས་ཕུང་བཀྲུས་ནས་ཚར་དགོས། ལུས་འཁྲུད་ཁང་ནང་གི་དབྱང་དབུགས་དམའ་ཞིང་དབྱང་གཉིས་ཐན་འགྱུར་གྱི་གར་ཚད་མཐོ་བས། དུས་ཚོད་རིང་པོ་འགོར་ན་ཀླད་སྙིང་ལ་དབྱང་དབུགས་ཀྱིས་མི་འདང་བ་དང་ཁྲག་གི་འཁོར་རྒྱུགས་ཇེ་ཞན་དུ་འགྲོ་སྲིད།
གསུམ། རྫིང་བུའི་ནང་གི་ཆུའི་གཏིང་ཚད་དེ་སྤྱིར་རང་གི་བྲང་ཁའི་ཡན་དུ་མི་སླེབས་པར་བྱེད་དགོས། དེ་ལྟར་མིན་ཚེ་སྙིང་གི་ཁུར་བོ་ཇེ་ལྗིད་དུ་སོང་ནས་དོན་རྐྱེན་མི་ལེགས་པ་འབྱུང་སྲིད།
བཞི། ཟ་མ་ཟོས་ནས་དུས་ཚོད་གཅིག་ཙམ་འགོར་རྗེས་མ་གཏོགས་ལུས་ཕུང་བཀྲུ་མི་རུང་། ཟས་རྒྱགས་དྲགས་པ་ཟོས་རྗེས་མྱུར་དུ་ལུས་ཕུང་བཀྲུས་ན། ལུས་ཡོངས་ཀྱི་ཁྲག་རྩར་ཆུ་ཚ་མོས་ཕོག་ཐུག་ཐེབས་ནས་ཁྲག་རྩ་ཆེར་རྒྱས་བ་དང་། ཁྲག་མངར་ཇེ་དམར་གྱུར་ནས་དྲན་མེད་དུ་བརྒྱལ་སྲིད།
ལོ་ཙཱ་བ། འབྲུག་མོ།