ཉེ་ཆར། 《མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་ཐོན་སྐྱེད་དང་ལས་སྣོན་བྱེད་ས་ཆུང་བ་དང་ཟས་རིགས་ཉུལ་ཚོང་པར་དོ་དམ་བྱེད་པའི་སྲོལ་ཡིག》ལ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་སྟེང་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། 2017ལོའི་ཟླ 1པའི་ཚེས 1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
《སྲོལ་ཡིག》དེར་སྤྱིའི་རྩ་དོན་དང་ཟས་རིགས་ལས་སྣོན་བྱེད་ས་ཆུང་བ། ཟས་རིགས་ཉུལ་ཚོང་པ། ལྟ་སྐུལ་དོ་དམ་དང་ཞབས་ཞུ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ལེའུ་དྲུག་དང་དོན་ཚན་ང་དྲུག་ཏུ་དབྱེ་ཡོད་ལ། ལས་སྣོན་བྱེད་ས་ཆུང་བ་དང་ཁྲོམ་ཚོང་མཁན་གྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲི་དང་། ཐོན་སྐྱེད་དང་ལས་སྣོན། བདག་གཉེར་བཅས་བྱེད་པའི་ཆ་རྐྱེན་དང་བཅའ་ཁྲིམས་འགན་འཁྲི་སོགས་ཀྱི་ཐད་གཏན་འཁེལ་གསལ་པོ་བྱས་ཡོད།
《སྲོལ་ཡིག》སྟེང་ཕྱོགས་གཅིག་ནས་སྲིད་གཞུང་གིས་ངེས་པར་གཅིག་གྱུར་འཆར་འགོད་དང་ལུགས་མཐུན་བཀོད་སྒྲིག་བྱེད་དགོས་པ་གཏན་འཁེལ་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་སྐོར་ཞིབ་ནང་རྐྱེན་འཛུགས་པ་དང་། གཙོ་གནས་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཡིད་རྟོན་ཟིན་ཐོ་ལམ་ལུགས་བཀོལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་སྐུལ་དོ་དམ་བྱེད་པ་དང་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེང་སྐབས་ཀྱི་རང་ཞིང་གི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྫོང་རིམ་པ་ཡན་གྱི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཟས་རིགས་ལས་སྣོན་བྱེད་ས་ཆུང་བ་དང་ཟས་རིགས་ཉུལ་ཚོང་པར་ལྟ་སྐུལ་བྱེད་པའི་གཙོ་གཞིའི་འགན་འཁྲི་གསལ་པོ་བྱས་ཤིང་། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཁྲིམས་ལྟར་འབྲེལ་ཡོད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་དགོས་པ་གཏན་འཁེལ་བྱས། དེ་ལས་གཞན་ད་རུང་ཟས་རིགས་ལས་སྣོན་བྱེད་ས་ཆུང་བ་དང་ཟས་རིགས་ཉུལ་ཚོང་པ་མཁར་གྲོང་དང་ཞིང་སྡེ་ས་ཁུལ་གྱི་གང་སར་ཁྱབ་ཡོད་པར་དམིགས་ནས། ཞང་དང་གྲོང་རྡལ་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ་ལྟ་སྐུལ་དོ་དམ་བྱ་བ་ལེགས་པར་བསྒྲུབ་དགོས་པ་གསལ་པོར་བསྟན་ཡོད།
《སྲོལ་ཡིག》བཟོ་བ་དང་བཟོ་བཅོས་བྱེད་པའི་ཁྲོད་གུ་ཡངས་དང་གཟབ་ནན་ཟུང་དུ་འབྲེལ་བ་དང་དོ་དམ་དང་སློབ་གསོ་མཉམ་འབྲེལ་བྱེད་པའི་རྩ་དོན་སྔར་ལས་མངོན་པར་བྱས་ཏེ། ཟས་རིགས་ལས་སྣོན་བྱེད་ས་ཆུང་བ་དང་ཟས་རིགས་ཉུལ་ཚོང་པ་རྣམས་ལ་རྩ་འཛུགས་འཛུགས་པ་དང་ཡང་ན་ཟས་རིགས་ལས་རིགས་མཐུན་ཚོགས་སུ་ཞུགས་ནས། ལས་རིགས་ཀྱི་རང་གཅུན་ཚད་ཇེ་དྲག་དང་ཐོན་སྐྱེད་བདག་གཉེར་བྱེད་པའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཟས་རིགས་བདེ་འཇགས་སྒོས་ཐོན་སྐྱེད་དང་བདག་གཉེར་བྱེད་པའི་ཚད་ཇེ་མཐོར་གཏོང་བའི་སྐུལ་མ་གཏོང་དགོས། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱེད་ཐབས་ནུས་ལྡན་བཏོན་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། གསོ་སྦྱོང་དང་ཁྲིད་སྟོན་སོགས་ཀྱི་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཟས་རིགས་ལས་སྣོན་བྱེད་ས་ཆུང་བ་དང་ཉུལ་ཚོང་པར་སྲོལ་ཡིག་གི་གཏན་འཁེལ་དང་འགལ་བའི་རྣམ་པ་ཡང་ཞིང་མཇུག་འབྲས་ངན་པ་བྱུང་མེད་ན། ཉེན་བརྡ་གཏོང་བ་དང་དུས་བཅད་ནང་བསྒྱུར་བཅོས་བྱེད་དགོས་པའི་བཀའ་འབབ་དགོས་ལ། སྲོལ་ཡིག་གི་གཏན་འཁེལ་དང་འགལ་བ་ཚབས་ཆེན་ཡིན་ན། ལས་སྣོན་བྱེད་ཡུལ་དང་ཁྲོམ་ཚོང་མཁན་གྱི་དོན་དངོས་ཀྱི་ཐེག་ནུས་ལ་དམིགས་ཏེ། ཆད་གཅོད་གྲངས་འབོར་ཐད་ནས་ཀྱང་དེ་བསྟུན་གྱི་གཏན་འཁེལ་བྱས་ཡོད་དོ།།
རྩོམ་སྒྲིག་པ། འབྲུག་མོ།