$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.11.07 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

མིག་སྔར་གཅིན་སྙིའི་ནད་ལ་ད་དུང་རྩ་བ་ནས་སངས་དྲགས་སུ་གཏོང་ཐུབ་པའི་གསོ་བཅོས་བྱེད་ཐབས་ཤིག་མེད་པའི་སྐབས་འདིར། གཙོ་བོར་སྨན་པས་མཛུབ་སྟོན་འོག སྔོན་འགོག་དང་གསོ་བཅོས་གཉིས་ཟུང་འབྲེལ་བྱེད་པ་དང་ནུབ་ལུགས་དང་ཀྲུང་ལུགས་ཟུང་འབྲེལ་བྱེད་པ། སྔོན་འགོག་གཙོར་འཛིན་པ་སོགས་ནད་པ་རང་ཉིད་ཀྱིས་བྱེད་ཐབས་སྣ་ཚོགས་འཐེན་ནས་ཕྱོགས་བསྡུས་རང་བཞིན་གྱིས་གསོ་བཅོས་བྱེད་དགོས། དེ་ལ་གཙོ་བོར་གཤམ་གྱི་བྱེད་ཐབས་འདི་དག་ཡོད་དེ།

1.སེམས་ཁམས་ཀྱི་གསོ་བཅོས་དང་སློབ་སྦྱོང་བྱེད་ཐབས།

ནད་པས་རང་ཉིད་ཀྱི་ནད་བབ་ལ་རྒྱུས་ལོན་གསལ་བོར་བྱས་ནས་དེ་དང་མཐུན་པའི་བྱེད་ཐབས་སྣ་ཚོགས་འཐེན་དགོས་ཏེ། དཔེར་ན། གཅིན་སྙིའི་ནད་ནི་ཚོད་འཛིན་བྱེད་ཐུབ་པའི་ནད་རིགས་ཤིག་ཡིན་པས། དེར་ཚོད་འཛིན་བྱེད་པའི་ཤེས་བྱ་སྣ་ཚོགས་དང་ནད་བབ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། དེ་དང་མཐུན་པའི་བྱེད་ཐབས་སྣ་ཚོགས་འཐེན་ན། གཅིན་སྙི་ཟ་ཁུའི་ནད་དེར་ཚོད་འཛིན་བྱེད་ཐུབ་པར་མ་ཟད། ནད་པའི་ཚེ་ཚད་ཧ་ལམ་ལོ 90ནས 108ཙམ་ལ་བསྲིངས་ཐུབ། དེ་བས་གཅིན་སྙིའི་ནད་བྱུང་ཚེ་ནད་པས་རང་ཉིད་ཀྱི་འཚོ་བའི་གོམས་སྲོལ་ངན་པ་ཡོད་ཚད་དོར་ནས་བདེ་ཐང་གི་འཚོ་བ་རོལ་སྟངས་ཕྱོགས་སུ་གོམས་པར་བྱེད་དགོས་ཏེ། ནམ་རྒྱུན་སེམས་ཁམས་བཏང་སྙོམས་ངང་གནས་པ་དང་། གཞན་ཕན་གྱི་ལྷག་བསམ་ལྡན་པ། གཅིན་སྙི་ནད་དང་འབྲེལ་བའི་ཤེས་བྱར་བལྟ་བ་སོགས་བྱེད་དགོས།

2.བཟའ་བཏུང་གིས་གསོ་ཐབས།

བཟའ་བཏུང་གིས་གསོ་ཐབས་འདི་ནི་གཅིན་སྙི་ནད་སྔོན་འགོག་བྱེད་པའི་ཆེས་རྩ་བའི་བྱེད་ཐབས་ཤིག་ཡིན། སྨན་པས་ངག་བཀོད་དང་འབྲེལ་ཡོད་ཀྱི་ཤེས་བྱ། ད་དུང་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལྟར་དུ་བཟའ་བཏུང་གི་སྡེབ་ཁར་དོ་སྣང་བྱེད་དགོས་ཤིང་འོས་འཚམས་སྒོས་སྨན་ཡང་བསྟེན་དགོས། ཉིན་རྒྱུན་གྱི་ཟས་ཐུན་གསུམ་པོ་དུས་ལྟར་ཟ་དགོས་པ་དང་ཟ་ཚད་ཀྱང་གཏན་འཁེལ་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་ཟས་ཐུན་ཇེ་མང་དང་ཟ་ཚད་ཇེ་ཉུང་དུ་གཏོང་དགོས། དཀར་ཟས་དང་དམར་ཟས་གཉིས་དོ་མཉམ་པར་བྱེད་དགོས་ལ། ཀ་ར་སོགས་མངར་ཆའི་རིགས་ངེས་པར་དུ་སྤང་དགོས། མངར་ཆའི་འདུས་ཚད་ཉུང་བའི་སིལ་ཏོག་གི་རིགས་ཀྱང་ཉུང་ཙམ་ཟོས་ན་བཟང་། སྲོག་ཆགས་ཀྱི་སྤྲི་དཀར་དང་རྩི་ཤིང་གི་སྤྲི་དཀར་གཉིས་མཉམ་དུ་སྡེབ་ནས་ཟ་བ། སྣུམ་བཙོས་ཟས་རིགས་དང་ཁ་ཚ་བའི་རིགས། མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་བཅས་མང་པོ་མི་ཟ་བ། ཚིལ་དང་སྣུམ་ཉུང་ཟ་བྱེད་པ། དུ་བ་གཅོད་པ་དང་ཆང་ཉུང་འཐུང་བྱེད་པ། དེ་ལས་ཀྱང་ཝུ་ཆང་ཉུང་ཙམ་འཐུང་ཆོག སིང་ཕྱེ་འདུས་ཚད་མཐོ་བའི་སྔོ་ཚལ་གྱི་རིགས་ཉུང་ཟ་བྱེད་པ། སྨན་པས་མཛུབ་སྟོན་གྱི་འོག་ནས་ད་གཟོད་ལུས་གསོ་སྨན་རྫས་རེ་བསྟེན་ཆོག གནས་སྐོར་ལ་འགྲོ་སྐབས་ཀྱང་བཟའ་བཏུང་ཕྱོགས་ལ་དོ་སྣང་བྱེད་དགོས་པ་དང་ཀ་ར་ཀོ་རེ་ཉུང་ཙམ་རྒྱུན་པར་གྲ་སྒྲིག་བྱས་ནས་འཇོག་དགོས། རང་ཉིད་ཀྱིས་ཁྲག་མངར་ལ་རྒྱུན་པར་བརྟག་དཔྱད་བྱེད་དགོས།

3.འོས་འཚམ་གྱིས་ལུས་སྦྱོང་བྱེད་ཐབས།

ནད་པས་ཉིན་རྒྱུན་དུས་ཚོད་ཕྱེད་ཀའི་རིང་ལ་ལུས་སྦྱོང་བྱས་ན་བཟང་། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀ་ནས་དུས་ཚོད་གཅིག་གི་རྗེས་སུ་འགུལ་སྐྱོད་བྱས་ན་བཟང་ལ། ལྟོ་སྟོང་དུ་གཏན་ནས་ལུས་སྦྱོང་བྱེད་མི་རུང་། འགུལ་སྐྱོད་བྱེད་ཚད་ཀྱང་དྲག་མི་རུང་ཏེ། འཆམ་འཆམ་དུ་འགྲོ་བ་དང་། ཐའེ་ཅི་དྲག་རྩལ་སྦྱོང་བ། རླུང་སྒོམ་པ་སོགས་བྱས་ན་འོས་འཚམ་ཡིན། འགུལ་སྐྱོད་བྱེད་ཚད་མང་མི་རུང་ལ་ཉུང་ཡང་མི་རུང་སྟེ། འགུལ་སྐྱོད་བྱེད་ཚད་ཐལ་དྲགས་ན་ཐང་ཆད་པ་དང་ཉུང་དྲགས་ན་ཕན་འབྲས་ཅི་ཡང་མི་ཐོན། དེ་བས་འོས་འཚམ་གྱིས་ལུས་སྦྱོང་བྱས་ན་ལུས་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།

4.སྨན་རྫས་ཀྱིས་གསོ་ཐབས།

བཟའ་བཏུང་གིས་གསོ་ཐབས་དང་ལུས་སྦྱོང་གི་གསོ་ཐབས་སྤྱད་ཀྱང་ད་རུང་ཁྲག་མངར་མར་མི་འབབ་ན། སྨན་པས་མཛུབ་སྟོན་གྱི་འོག་ནས་འོས་འཚམ་གྱིས་སྨན་རྫས་ལ་བརྟེན་དགོས་པར་མ་ཟད། སྨན་དུས་ལྟར་འཐུང་དགོས་ཏེ། དཔེར་ན་ཟ་མ་མ་ཟོས་གོང་གི་དུས་ཚོད་ཕྱེད་ཀའི་ནང་འཐུང་དགོས་པའི་སྨན་ཞིག་ཡིན་ཚེ་ངེས་པར་དུ་དེ་ལྟར་འཐུང་བ་ལས་གང་འདོད་དུ་གཏན་ནས་འཐུང་མི་རུང་། གལ་ཏེ་ཀྲུང་ལུགས་ཀྱི་སྨན་རྫས་དང་ནུབ་ལུགས་ཀྱི་སྨན་རྫས་གཉིས་ཟུང་འབྲེལ་བྱེད་དགོས་པ་ཞིག་ཡིན་ན་དེ་གཉིས་མཉམ་དུ་འཐུང་མི་རུང་བར་སོ་སོར་དུས་ཡུན་བགར་ནས་འཐུང་དགོས། དེ་ལས་གཞན་པའི་ནད་རིགས་བྱུང་ནས་སྨན་པར་སྟོན་སྐབས། རང་ལ་གཅིན་སྙིའི་ནད་བྱུང་ཡོད་པའི་གནས་ཚུལ་གསལ་བོར་བཤད་དགོས་པར་མ་ཟད། ནད་རིགས་དེ་གཉིས་ཀྱི་སྨན་བསྟེན་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་པའི་སྐོར་སྨན་པར་གསལ་བོར་དྲིས་ནས་སྨན་རྫས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་བཟོས་ནས་ཞོར་སྐྱོན་མི་ཐེབས་པར་བྱེད་དགོས། སྐབས་འགར་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་ཁྲག་མངར་ལ་འགྱུར་ལྡོག་བྱུང་ཚེ། སྨན་པར་བསྟེན་ནས་སྨན་འཐུང་སྟངས་ལེགས་བསྒྱུར་བྱེད་དགོས།

5.ལྟ་ཞིབ་ཚད་ལེན་དང་ཟིན་ཐོ་འགོད་པའི་རྒྱུན་སྐྱོང་དགོས།

ནད་པས་རྒྱུན་པར་རང་ཉིད་ཀྱི་ནད་བབ་ལ་ལྟ་ཞིབ་ཚད་ལེན་དང་ཟིན་ཐོ་འགོད་དགོས། ཁྲག་མངར་ལ་འགྱུར་བ་ཅུང་བྱུང་ཚེ་དུས་ཐོག་ཏུ་དེའི་རྒྱུ་རྐྱེན་བཙལ་ནས་སྨན་པར་འདྲི་དགོས་པ་དང་། སྨན་པས་མཛུབ་སྟོན་འོག་རང་ཉིད་ཀྱི་བཟའ་བཏུང་འགྲོ་འདུག་དང་སྨན་བསྟེན་ཚད་བཅས་བསྐྱར་དུ་ལེགས་སྒྲིག་བྱེད་དགོས་པ་དང་རང་ཉིད་ཀྱི་ཁྲག་མངར་དང་གཅིན་མངར། ལུས་པོའི་ལྗིད་ཚད། ཁྲག་ཚིལ། གཅིན་པའི་ནང་གི་ཚད་ཉུང་སྤྲི་དཀར་སོགས་ལ་ཚོད་འཛིན་བྱས་ནས་རྒྱུན་ལྡན་དུ་གཏོང་དགོས་པ་དང་། ནད་བབ་ཚབས་ཆེན་དུ་འགྱུར་བ་དང་བསྡོངས་ཟླའི་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
སྤྱིར་ཁྲག་མངར་ལ་ཉིན་རེར་ཐེངས་གཅིག་ནས་གཉིས་ཙམ་ལ་བལྟ་དགོས་ཤིང་།(ནངས་མོ་ལྟོ་སྟོང་དུ་ཐེངས་གཅིག་ལ་བལྟ་དགོས་པ་དང་དེ་ནས་ཟ་མ་ཟོས་རྗེས་ཀྱི་དུས་ཚོང་གསུམ་འགོར་རྗེས་ཐེངས་གཅིག་ལ་བལྟ་བ། ) ཁྲག་མངར་གྱི་ཚད་ཡར་འཕར་མར་འབབ་ཀྱི་ཚད་ཅུང་ཆེ་དུས་ཉིན་རེར་ཐེངས་བཞིར་བལྟ་དགོས། (ནངས་མོ་ལྟོ་སྟོང་དུ་ཐེངས་གཅིག་ལ་བལྟ་དགོས་པ་དང་དེ་ནས་ནངས་ཇ་ནས་གུང་ཇའི་བར་དང་གུང་ཇ་ནས་ནུབ་ཇའི་བར། ནུབ་ཇ་ནས་གཉིད་པའི་བར་བཅས་ལ་ཐེངས་རེར་བལྟ་དགོས། ) ཁྲག་ཤེད་དང་ལུས་པོའི་ལྗིད་ཚད་ཀྱང་ཟླ་རེའི་ནང་མ་མཐར་ཡང་ཐེངས་གཅིག་རེར་བལྟས་ན་བཟང་། གཅིན་གྱི་རྒྱུན་སྲོལ་བརྟག་དཔྱད་དང་ཁྲག་ཚིལ། མཆིན་པའི་བྱེད་ནུས། སྙིང་ཁམས་བཅས་ལ་ལོ་ཕྱེད་ནས་ལོ་གཅིག་རེའི་ནང་བརྟག་དཔྱད་ཐེངས་རེ་བྱེད་པ། དགོས་ངེས་ཀྱི་སྐབས་སུ་བརྟག་དཔྱད་བྱེད་ཚད་ཇེ་མང་དུ་གཏོང་དགོས། བྲང་ཁའི་གནས་སུ་ལོ་རེར་དཔར་ཐེངས་རེར་ལེན་པ། དེའང་དགོས་ངེས་ཀྱི་སྐབས་སུ་དཔར་ལེན་ཚད་ཀྱང་ཇེ་མང་དུ་གཏོང་དགོས། མཆིན་པའི་ནུས་པར་ལོ་ཕྱེད་དམ་ཡང་ན་ལོ་རེའི་ནང་ཐེངས་རེར་བརྟག་དཔྱད་བྱེད་དགོས། དེ་ལས་གཞན་རྣམས་སྨན་པས་ངག་བཀོད་ལ་ཉན་དགོས།

6.བྱེད་ཐབས་གཞན་པ།

རྐང་པར་ཕུར་མཉེད་བྱེད་པ་དང་གསང་མིག་གི་གནས་སུ་ཕུར་མཉེད་བྱེད་པ། དངོས་ལུགས་ཀྱི་ལུམས་དང་སྐམ་ཁབ་སོགས་མཉམ་དུ་ཟུང་འབྲེལ་བྱས་ནས་གསོ་བཅོས་བྱེད་ཆོག རྒྱུན་པར་འཚོ་བར་ཆོས་ཉིད་ཡོད་པ་དང་རྩོལ་བཅགས་ཟུང་འབྲེལ་བྱེད་པ། ལུས་པོ་འཁྱག་ཏུ་མི་འཇུག་པ། བརྫད་སྐྱོན་ཐེབས་སུ་མི་འཇུག་པ། རེད་པ་སྔོན་འགོག་བྱེད་པ་སོགས་དང་ནད་རིགས་གཞན་པ་མི་འབྱུང་བར་བྱེད་དགོས། ཁྱིམ་དུ་གཅིན་སྙིའི་ནད་ཀྱི་ཤེས་བྱའི་སྐོར་གྱི་དཔེ་ཆ་སོགས་ཉར་ཚགས་བྱས་ནས་རྒྱུན་པར་བལྟ་བ་དང་། ཁྱིམ་མི་རྣམས་ལ་ནད་རིགས་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཤེས་བྱ་མཚམས་སྦྱོར་བྱེད་པ། ནད་པ་རང་ཉིད་ཕྱི་རོལ་དུ་འགྲོ་སྐབས་བཟའ་བཏུང་དང་སིལ་ཏོག་བཅས་འཁྱེར་དགོས་པར་མ་ཟད། ད་དུང་བྱང་བུ་ཞིག་བཟོས་ནས་དེའི་སྟེང་དུ་རང་ཉིད་ལ་གཅིན་སྙིའི་ནད་ཡོད་པ་དང་། འབྲེལ་གཏུག་ཁ་པར་ཨང་གྲངས་དང་། མིང་བཅས་འབྲི་དགོས་ལ། ཁྲག་ངར་ཇེ་དམར་གྱུར་ནས་བརྒྱལ་བར་གྱུར་པའི་སྐབས་སུ་ཀ་ར་ལྡོག་གཅིག་ཁ་ནང་དུ་བཞག་ནས་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱེད་དུ་འཇུག་དགོས། །

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ། 


 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།