འཆར་ལྡན་བུ་སྐྱེ་ནི་རང་རྒྱལ་གྱི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ཞིང་། དེ་ནི་བྱིས་པ་སྐྱེ་བར་ཚོད་འཛིན་དང་མི་གྲངས་ཇེ་ཉུང་དུ་གཏོང་བ་ཁོ་ན་མ་ཡིན་པར། བུད་མེད་ཀྱི་བདེ་ཐང་དང་འབྲེལ་བའི་རིག་ཚན་ཞིག་ཀྱང་རེད། དེང་སང་སྦྲུམ་འགོག་ཡོ་ཆས་དང་སྦྲུམ་འགོག་སྨན་སོགས་སྦྲུམ་འགོག་གི་ཐབས་སྣ་ཚོགས་ཤིག་མཆིས་ཀྱང་། བཟའ་ཟླ་གཉིས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གང་ལ་དེ་འཚམ་གྱི་སྒོ་ནས་བསྟེན་ན། བུད་མེད་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་འཚོ་བ་ལ་གནོད་འཚེ་མི་ཐེབས་ཤིང་སྦྲུམ་འགོག་གི་བྱ་བ་ཡང་ལེགས་འགྲུབ་འབྱུང་ངེས།
སྤྱིར་བཏང་གཉེན་སྒྲིག་མ་ཐག་གི་བཟའ་ཟླས་སྦྲུམ་འགོག་ཤུབས་སོགས་བཀོལ་བ་ལས་མངལ་དུ་སྦྲུམ་འགོག་ཡོ་ཆས་བཞག་ན་མི་འཚམ་ཞིང་། སྦྲུམ་འགོག་གི་སྨན་ཁོང་དུ་བསྟེན་མི་རུང་། བྱིས་པ་གཅིག་བཙས་ཡོད་པའི་བུད་མེད་རྣམས་ཀྱིས་མངལ་དུ་སྦྲུམ་འགོག་ཡོ་ཆས་འཇོག་པ་དང་། ཡང་ན་སྦྲུམ་འགོག་སྨན་ནམ་ཁབ་སོགས་བསྟེན་ཆོག གལ་ཏེ་བཟའ་ཟླ་གཉིས་ཀ་གནས་གཅིག་ཏུ་མེད་པར་ཟླ་བ་གཅིག་ལ་ཐེངས་རེ་གཉིས་ལས་ཐུག་མི་ཐུབ་ན། སྦྲུམ་འགོག་གི་ཡོ་ཆས་བཀོལ་བ་དང་། ཡང་ན་སྦྲུམ་འགོག་སྨན་ཁོང་དུ་བསྟེན་ཆོག བྱིས་པ་གཉིས་བཙས་ཡོད་པ་རྣམས་ཀྱིས་རབ་ཡིན་ན་སྐྱེ་རྒྱུན་གཅོད་པའི་གཤགས་བཅོས་བྱས་ན་བཟང་། བྱིས་པར་ནུ་མ་ལྡུད་སྐབས་ཨ་མས་སྦྲུམ་འགོག་སྨན་བསྟེན་ན་ནུ་ཞོ་སྐམ་ཉེན་ཆེ་བས་མངལ་དུ་སྦྲུམ་འགོག་ཡོ་ཆས་འཇོག་པའམ་སྦྲུམ་འགོག་ཤུབས་བཀོལ་ན་འགྲིག དེ་ལས་གཞན་ལོ་ན་མཐོ་བའི་བུད་མེད་ལ་ད་དུང་ཁམས་དམར་འཕུད་བཞིན་ཡོད་ན་ངེས་པར་དུ་སྦྲུམ་འགོག་གི་ཐབས་བསྟེན་དགོས། ཡིན་ནའང་ལོ་བཞི་བཅུ་ཞེ་ལྔའི་རྗེས་སུ་སྦྲུམ་འགོག་གི་སྨན་དང་ཁབ་བསྟེན་མི་རུང་། དེ་བཞིན་མཆིན་པའི་ནད་དང་། མཁལ་མའི་ནད། སྙིང་ནད། ཁྲག་ཤེད་མཐོ་བའི་ནད། གཅིན་སྙི་ཟ་ཁུའི་ནད། འབྲས་སྐྲན་གྱི་ནད། དབང་རྩའི་མ་ལག་གི་ནད་བཅས་ཡོད་མཁན་གྱིས་སྦྲུམ་འགོག་གི་སྨན་བསྟེན་ན་ལུས་དང་ནད་གཉིས་ལ་མི་ཕན་པས་འཛེམ་དགོས།
སྤྱིར་བཏང་དུ་སྦྲུམ་འགོག་གི་སྨན་ཐོག་མར་བསྟེན་སྐབས་ཞེན་ཁ་ལོག་པ་དང་། སྐྱུག་པ། མགོ་ཡོམ་འཁོར་བ། ངལ་དུབ་པ། ཟས་ལ་ཡི་ག་ཞན་པ་སོགས་ཀྱི་ཞོར་སྐྱོན་འབྱུང་ངེས། བུད་མེད་ལ་ལར་མངལ་ཁྲག་ཉུང་ཙམ་མཚམས་མ་ཆད་པར་བཞུར་བ་དང་། ཡང་ན་ཟླ་མཚན་གྱི་ཚད་ཇེ་མང་ངམ་ཇེ་ཉུང་དུ་འགྲོ་བ། ཟླ་མཚན་ཕྱིར་འགྱངས་བྱས་ནས་མི་འབབ་པ། རྒྱུ་ཞབས་དང་མཁལ་རྐེད་ན་བ། གདོང་ལ་མནོལ་ཐིག་ཆགས་པ་སོགས་ཀྱི་མངོན་ཚུལ་འབྱུང་ངེས། དེ་དག་ནི་གནས་སྐབས་ཙམ་ཡིན་ལ་སྨན་བསྟེན་མཚམས་བཞག་ན་རང་ཤུགས་སུ་ཡལ་འགྲོ། བུ་འདོད་པ་རྣམས་ཀྱིས་རབ་ཡིན་ན་སྦྲུམ་འགོག་གི་སྨན་བསྟེན་མཚམས་བཞག་ནས་ཟླ་བ་དྲུག་གི་རྗེས་སུ་ད་གཟོད་མངལ་སྦྲུམ་ན་བཟང་། གང་ཡིན་ཞེ་ན། སྦྲུམ་འགོག་གི་སྨན་འདི་མིའི་ལུས་སྟེང་དུ་ཡུན་རིང་པོར་ཕྱིར་ཕུད་དཀའ། གལ་ཏེ་སྦྲུམ་བུ་ལ་སྦྲུམ་འགོག་སྨན་གྱིས་ཕོག་ཐུག་ཐེབས་ན་སྦྲུམ་བུ་སྐྱོན་ཅན་དུ་འགྱུར་ཉེན་ཡོད།
སྦྲུམ་འགོག་གི་སྨན་དང་བསྡུར་ན་སྦྲུམ་འགོག་ཡོ་ཆས་ལ་ཞོར་སྐྱོན་ཉུང་ཞིང་སྟབས་ཀྱང་བདེ་བས་འདི་སྤྱད་ན་བཟང་སྙམ། སྤྱིར་བཏང་ཟངས་སོགས་ལས་བཟོས་པའི་སྦྲུམ་འགོག་ཡོ་ཆས་མངལ་དུ་ལོ་བཅུ་ཙམ་ལ་བཞག་རྗེས་བརྗེ་སོར་བྱས་ན་བཟང་། ཡིན་ཡང་སྐྱེ་འཕེལ་དབང་བོར་ནད་ཡོད་པ་དང་། མངལ་སྐྲན་ཡོད་པ། བུ་སྣོད་རྒྱུན་ལྡན་མིན་པ། ཟླ་མཚན་ལ་ཆོས་ཉིད་མེད་པ། ཟླ་མཚན་འབབ་སྐབས་གཟེར་ཆེ་བ། ལུས་ན་ནད་ཚབས་ཆེན་ཡོད་པ་བཅས་ཀྱི་མངལ་དུ་སྦྲུམ་འགོག་ཨ་ལོང་མི་འཇོག་པར་སྨན་པའི་ངག་བཀོད་ལྟར་སྦྲུམ་འགོག་གི་ཐབས་གཞན་བསྟེན་དགོས། །
རྩོམ་སྒྲིག་པ། འབྲུག་མོ།