དར་ཡོལ་དུས་ཀྱི་བུད་མེད་ཚོས་བདེ་སྲུང་བྱེད་པར་དོ་སྣང་བྱེད་དགོས།
2019.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 117

བུད་མེད་རྣམས་ལོ་ཞེ་ལྔ་ནས་ལྔ་བཅུའི་བར་ནི་དར་མ་ལས་ཡོལ་བའི་དུས(更年期)ཡིན། དར་ཡོལ་དུས་ནི་བུད་མེད་ཀྱི་ལུས་ཁམས་དར་བ་ནས་རྒུད་པར་འགྱུར་པའི་འགྱུར་ལྡོག་གི་དུས་སྐབས་ཤིག་ཡིན་ལ། སྐྱེ་འཕེལ་དབང་བོ་ཉམས་རྒུད་དུ་འགྱུར་བའི་བར་བརྒལ་གྱི་དུས་ཤིག་ཀྱང་ཡིན། སྐབས་འདིར་བུད་མེད་ལ་མགོ་ཡུ་འཁོར་བ་དང་མིག་རབ་རིབ་ཏུ་འགྱུར་བ། མགོ་ན་བ་དང་རྣ་ནང་དུ་སྒྲ་གྲགས་པ། སྙིང་འཚང་ཞིང་གཉིད་མི་ཡོང་བ། སེམས་འཚབ་ཅིང་ཁྲོ་སླ་བ། སེམས་མི་སྐྱིད་པ། ཟླ་མཚན་རྒྱུན་ལྡན་མིན་པ། ལུས་ཚ་རྒྱས་ཤིང་རྔུལ་སླ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དེ་ལ་དར་ཡོལ་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་ཟེར། སྐབས་དེར་དོ་སྣང་ལེགས་པོ་བྱས་ན། ནད་རྟགས་དེ་དག་གི་ཚབས་ཇེ་ཆུང་དང་ཡུན་ཇེ་ཐུང་དུ་གཏོང་ཐུབ། གཤམ་གྱི་དར་ཡོལ་དུས་་ཀྱི་བུད་མེད་ཀྱི་གནད་དོན་འདི་དག་ལ་མཉམ་འཇོག་བྱ་དགོས་པ་སྟེ།

གཅིག རང་གི་སེམས་ཁམས་བཏང་སྙོམ་ཡོང་བར་བྱེད་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་རང་གི་ལུས་ཁམས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་གང་ལེགས་བྱས་ཏེ། དགོས་མེད་ཀྱི་བསམ་བློའི་ཁུར་པོ་དང་སེམས་འཚབ་དངངས་སྐྲག དོན་མེད་ཀྱི་སེམས་ངལ་དང་ཁུངས་མེད་ཀྱི་དོགས་པ་དག་དོར་ནས། སེམས་ཁམས་མི་ལེགས་པའི་སྣང་ཚུལ་མེད་པར་བཟོ་དགོས། དོན་དག་མི་ལེགས་པ་དང་འཕྲད་ཚེ་ཁོང་ཁྲོ་མི་ལངས་པ་དང་སེམས་ཁམས་མི་སྐྱིད་པའི་སྐབས་སུ་གཉེན་ཉེ་སྤུན་ཟླ་དང་གྲོགས་པོ་གྲོགས་མོ་རྣམས་དང་ལྷན་དུ་འཛོམས་ནས་ཁ་བརྡ་བྱེད་དགོས། རང་གི་གཤིས་ཀ་དང་དགའ་ཕྱོགས་ལྟར་འོས་འཚམ་གྱིས་སྤྲོ་སྐྱིད་གཏོང་བ་དང་། ནམ་ཡང་སྤྲོ་སེམས་ཆེ་བ་དང་སེམས་རྒྱ་ཡངས་པར་བྱས་ཏེ། རང་གིས་རང་ལ་ཡིད་ཆེས་སྟེར་དགོས།

གཉིས། བཟའ་བཏུང་སྙོམ་སྒྲིག་བྱེད་དགོས། དར་ཡོལ་དུས་སུ་བུད་མེད་ཀྱི་བཟའ་བཏུང་གི་འཚོ་བཅུད་སྙོམ་སྒྲིག་བྱས་ཏེ་མཁལ་མ་དང་མཚེར་བར་སྲུང་སྐྱོབ་བྱེད་དགོས། སྙོམ་སྒྲིག་འོས་འཚམ་བྱུང་ཚེ་ལུས་ཁམས་ཀྱི་བྱེད་ནུས་འཁྲུགས་པ་རྩ་བ་ནས་འགོག་པ་དང་གསོ་བཅོས་བྱེད་ཐུབ། བུད་མེད་རྣམས་དར་མ་ལས་ཡོལ་བའི་སྐབས་སུ་མཁལ་ནུས་ཉམས་ཡོད་པས། ཟླ་མཚན་ཐེངས་གྲངས་མང་ལ་ཁྲག་མང་པོ་འབབ་པར་མ་ཟད། འབབ་ཡུན་རིང་བས་རྒྱུན་དུ་ཁྲག་ཤེད་དམའ་བའི་སྣང་ཚུལ་འབྱུང་སྲིད། དེ་ལ་སྒོ་ང་དང་སྲོག་ཆགས་ཀྱི་ནང་ཁྲོལ། ཤ་སྣག འོ་མ་སོགས་ཀྱི་སྤྲི་དཀར་རྫས་མཐོ་བའི་ཟས་རིགས་སམ་ཚོད་སྣག་དང་སྣུམ་ཚལ། ལྡུམ་སྒོང་། ཁམ་བུ། ཚ་ལུ་མ་སོགས་ལོ་མ་ལྗང་ཁུ་ཅན་གྱི་སྔོ་ཚོད་དང་སིལ་ཏོག་ཟོས་ནས་ཁྲག་ཤེད་ཞན་པ་གསོ་བཅོས་བྱེད་དགོས།

གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་མཉམ་འཇོག་དགོས་པ་དང་། ངལ་གསོ་བ་དང་གཉིད་ཡུན་ལ་ཁག་ཐེག་བྱེད་དགོས། གཉིད་ཡུན་རིང་དྲགས་ན་སྒྱིད་ལུག་ཅིང་ལུས་ཉོབ་པར་གྱུར་ནས་བདེ་ཐང་ལ་གནོད་སྲིད། གལ་ཏེ་ལུས་ཕུང་བདེ་ཐང་ཡིན་ན་རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་བསྒྲུབ་པ་དང་། ཡང་ན་འགུལ་སྐྱོད་ཚབས་མི་ཆེ་བའི་ལུས་རྩལ་བྱ་འགུལ་ལ་ཞུགས་པ་དང་རང་གིས་བསྒྲུབ་ནུས་པའི་ལས་ཀ་ཙག་ཙིག་བསྒྲུབས་ཏེ་འཚོ་བར་ཆོས་ཉིད་ཡོད་པར་བྱེད་དགོས།

བཞི། དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱེད་དགོས། དར་ཡོལ་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་བྱུང་བའི་བུད་མེད་ཀྱིས།སེམས་ཁམས་དང་བཟའ་བཏུང་། སྤྱོད་ལམ། ངལ་རྩོལ་དང་ངལ་གསོ་སོགས་ལ་མཉམ་འཇོག་བྱེད་དགོས་པར་མ་ཟད། ནད་ལ་གཞིགས་ནས་སྨན་བཅོས་བྱེད་དགོས། དར་ཡོལ་དུས་སུ་བུད་མེད་ཀྱི་ཟླ་མཚན་རྒྱུན་ལྡན་མིན་པར་མ་ཟད། སྐབས་དེ་ནི་བུད་མེད་ལ་མངལ་འབྲས་འབྱུང་བའི་དུས་ཀྱང་ཡིན་པས། གལ་ཏེ་བསྟུད་མར་ཉིན་བཅུའི་ཡན་ལ་ཟླ་མཚན་བབས་ཏེ་མི་ཆད་པ་དང་། ཟླ་མཚན་མང་པོར་བབས་ཏེ་ཁྲག་ཤེད་དམའ་བའི་ཚད་དུ་ལྷུང་ཚེ། མྱུར་དུ་སྨན་པར་བརྟེན་ནས་ནད་བཅོས་བྱེད་དགོས། གལ་ཏེ་ཟླ་མཚན་ཆད་རྗེས་སྐྱེ་ལམ་ལས་ཁྲག་འཛག་པ་དང་ཁམས་དཀར་ཇེ་མང་ལ་སོང་ན། དུས་ལྟར་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས། དར་ཡོལ་དུས་སུ་བུད་མེད་རྣམས་ཀྱིས་རབ་ཡིན་ན་ལོ་ཕྱེད་དམ་ལོ་རེར་ལུས་པོར་བརྟག་དཔྱད་ཐེངས་རེ་བྱས་ནས་སྐྲན་ནད་སྔོན་འགོག་དང་ནད་རིགས་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་སྨན་བཅོས་བྱས་ན་ལེགས་སོ། །

རྩོམ་སྒྲིག་པ། འབྲུག་མོ།