རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱ་འགུལ་སྐབས་སོ་གཅིག་པ་མགོ་ལོག་བོད་རིགས་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་དུ་བསྡུས་པ།
2019.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་སྔོན། རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱ་འགུལ་སྐབས་སོ་གཅིག་པ་མགོ་ལོག་བོད་རིགས་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་དུ་བསྡུས། ད་ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བྱ་འགུལ་གྱི་བརྗོད་གཞི་ནི“མཉམ་དུ་མཛེས་པའི་ཁོར་ཡུག་བསྐྲུན། མཉམ་དུ་སྤྱོད་ཁང་གསར་བརྗེར་སྐུལ་འདེད་གཏོང་། མཉམ་དུ་འཕྲོད་བསྟེན་བདེ་ཐང་ལ་སྐུལ་འདེད་གཏོང”ཞེས་པ་ཡིན་ཞིང་། བྱ་འགུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་སྨན་བཅོས་ལས་བཟོ་བས་བདེ་ཐང་ཐད་ཀྱི་དྲིལ་སྒྲོག་འཁྲབ་སྟོན་སྣ་ཚོགས་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་ལ་རང་རྟོགས་སྒོས་རྒྱལ་གཅེས་འཕྲོན་བསྟེན་བྱ་འགུལ་དུ་ཞུགས་པར་འབོད་སྐུལ་བཏང་ཞིང་། ཤུགས་ཆེན་པོས་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་མ་བཏང་། དེ་མིན་ཐུན་མོང་གིས་ཁོར་ཡུག་ལ་སྲུང་སྐྱོབ་དང་འཕྲོད་བསྟེན་གྲོང་རྡལ་འཛུགས་སྐྲུན། བདེ་ཐང་གི་འཚོ་བ་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐད་ལ་སྣེ་ཁྲིད་གང་ལེགས་བྱས།

བྱ་འགུལ་གྱི་ཡུལ་དངོས་སུ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་ལས་ཁུངས་བཞི་བཅུ་ལྷག་གི་ནད་འགོག་ཆེད་མཁས་པ་དང་སྨན་བཅོས་ལས་བཟོ་བ་ཐོན་ནས། ཡུལ་དངོས་ནས་ནད་འགོག་སོགས་བདེ་ཐང་གི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། སྡེ་ཁུལ་གྱི་སྡོད་དམངས་ལ་དྲིལ་སྒྲོག་ལག་དེབ་འདོན་སྤྲོད་དང་འཕྲོད་བསྟེན་ཐད་ཀྱི་རྒྱུན་ཤེས་ངོ་སྤྲོད་བྱས་པས། ཡུལ་དངོས་ཀྱི་མང་ཚོགས་ཉིས་སྟོང་ལྷག་བྱ་འགུལ་གྱི་ཁྲོད་དུ་ཞུགས་པར་ནུས་ཤུགས་བཏོན། དེ་མིན་ཐེངས་འདིའི་བྱ་འགུལ་ལ་མཚོན་ན། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གཉིས་ཟུང་འབྲེལ་སྒོས་སྤེལ་བཞིན་ཡོད་པས། མགོ་ལོག་ཁུལ་གྱི་དར་ལག་རྫོང་དང་དགའ་བདེ་རྫོང་། པདྨ་རྫོང་བཅས་སུའང་ཡན་ལག་ཚོགས་ར་བཙུགསཡོད།

མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞིན་བུན་གྱིས་བཤད་རྒྱུར། མགོ་ལོག་ཁུལ་གྱིས་ཞིང་ཆེན་ཡོངས་ནས་ཐེངས་དང་པོར་གད་སྙིགས་མེད་པའི་ཁོར་ཡུག་བསྐྲུན་པ་ཞེས་པའི་བྱ་འགུལ་འདི་སྤེལ་བ་གོ་སྐབས་སུ་བཟུང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཕྱོགས་ལྟར། མཛེས་སྡུག་ཡིད་དུ་འོང་ཞིང་དཔལ་ཡོན་གྱིས་ཕྱུག་པའི་ཁོར་ཡུག་གསར་བ་བསྐྲུན་པ་དང་ཞིང་སྡེ་དར་རྒྱས་ཡོང་བའི་འཐབ་ཕྱོགས་ལག་ལེན་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཀྲང་བུན་ལེ་ཡིས་བཤད་རྒྱུར། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་འབོད་སྐུལ་བྱས་ཏེ་ཚང་མས་མཉམ་དུ་རང་ཉིད་ནས་ཁོར་ཡུག་བཅོས་སྐྱོང་བྱེད་མཁན་ཞིག་དང་སྤྱོད་ཁང་གསར་བརྗེ་ལ་སྣེ་ཁྲིད་བྱེད་མཁན་ཞིག་བྱསཏེ། མཛེས་སྡུག་དང་དག་གཙང་། དཔལ་ཡོན་བཅས་ལྡན་པའི་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ཆུང་ཞིག་འབུལ་བར་བརྩོན་དགོས་ཟེར།

མགོ་ལོག་ཁུལ་རྨ་ཆེན་རྫོང་གི་སྡོད་དམངས་ལོ་ལོས་བཤད་རྒྱུར། བྱ་བ་ཅི་ཡིན་ཡང་ཐོག་མར་རང་ཉིད་ནས་མགོ་བརྩམས་ཏེ་བསྒྲུབ་དགོས་པས། རང་ཉིད་ཀྱི་བྱ་སྤྱོད་ལ་མཉམ་འཇོག་དགོས་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་ཚང་མར་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་ང་ཚོའི་གཅེས་པའི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱ་དགོས་པར་འབོད་སྐུལ་བྱ་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།