ཇི་ལྟར་བྱས་ན་ད་གཟོད་སེམས་ཁམས་སྐྱིད་པོ་ཡོང་ཐུབ།
2019.08.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

སྣང་བ་སྐྱིད་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། འཚོ་བར་དགའ་ཞེན་ཆེ་འདོད་ན་རང་ཉིད་ཀྱི་བྱ་བར་དགའ་ཞེན་ཆེ་དགོས། འཚོ་བའི་ཁྲོད་སྤྲོ་སྣང་འཚོལ་འདོད་ན་ཁྱིམ་ལས་དེ་ཁུར་པོ་ཞིག་ཏུ་བརྩི་མི་རུང་བར་མ་ཟད། ད་དུང་དགའ་བ་དང་སྤྲོ་བ་ཡོད་པའི་སྒོ་ནས་ལས་དགོས། དཔེར་ན། ཟ་མ་གཡོས་སྦྱོར་བྱེད་དུས་དྲི་མ་མི་གཅིག་པའི་ཟ་མ་སྣ་མང་ལས་ན་ཡི་ག་འཕེལ་བར་མ་ཟད། རང་ཉིད་ལའང་གྲུབ་འབྲས་ཡོད་པར་འདོད་ནས་སྤྲོ་བ་འཕེལ་ཐུབ། དེ་བཞིན་བྱ་བའི་ཁྲོད་གསར་གཏོད་ཀྱི་ཆ་མང་པོ་ལྡན་དགོས། བརྩོན་པའི་གོ་རིམ་ཁྲོད་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ནས་མངོན་ཆོག་པའི་གྲུབ་འབྲས་མཐོང་ན་སྤྲོ་བ་ཆེས་ཆེར་འཕེལ་ཐུབ།

སེམས་པར་ཕྱི་དོར་བྱེད་མཁས་པ། དོན་དག་ཆེ་མ་ཆུང་གསུམ་མ་འགྲུབ་པའམ་སེམས་མི་སྐྱིད་པའི་སྐབས་སུ། སེམས་ཁམས་མི་སྐྱིད་པའི་རྒྱུ་རྐྱེན་དང་སྡུག་བསྔལ་རང་ཉིད་ཀྱི་གྲོགས་པོའམ་ཉེ་འགྲམ་གྱི་མི་ལ་བཤད་ནས་སེམས་པར་ཕྱི་དོར་བྱ་དགོས།

རྒྱུན་པར་མི་གཞན་ལ་རོགས་བྱེད་པར་དགའ་བ། གཞན་ལ་རོགས་བྱེད་རྒྱུར་དགའ་བ་ནི་ཆེས་བླ་ན་མེད་པའི་ཡ་རབས་ཀྱི་སྤྱོད་བཟང་ཞིག་ཡིན། གཞན་ལ་རོགས་བྱེད་རྒྱུར་དགའ་བ་དེ་མི་དང་མིའི་བར་གྱི་བརྩེ་བ་ཁོ་ན་བསམས་པ་ཙམ་མ་ཡིན་པར། གཞན་གྱི་དཀའ་ཁག་སེལ་ཚེ་རང་ཉིད་ལའང་རོགས་བྱས་རྗེས་ཀྱི་དགའ་ཚོར་ཞིག་ཡོད་པ་རེད། རྒྱུན་པར་གཞན་ལ་རོགས་བྱེད་འདོད་ན་སེམས་ཁམས་ཡག་པོ་ཞིག་ལྡན་དགོས།

གཞན་ལ་བརྩེ་བ་ཆེ་འདོད་ན་བློ་ཁོག་ཡངས་དགོས། བཟོད་བསྲན་དང་། གུ་ཡངས། ཡིད་ཆེས། བརྩེ་བ་སོགས་བཅངས་ནས་གཞན་ལ་འབྲེལ་འདྲིས་བྱས་ཚེ། རང་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་དགས་བརྟས་ཡོང་།

དགའ་ཕྱོགས་མང་པོ་ཡོད་དགོས། དཔེར་ན། གསོག་ཉར་དང་། ལུས་རྩལ། ཡུལ་སྐོར། རོལ་དབྱངས་སོགས་ལ་སྤྲོ་བ་ཡོད་པ་ཞིག་ཡིན་ཚེ། ལུས་སེམས་དེའི་ནང་དུ་ཞུགས་ནས་སྤྲོ་བ་འཕེལ་བར་མ་ཟད། ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་སོང་ནས་མིའི་བར་གྱི་འབྲེལ་འདྲིས་བྱེད་ཚད་ཇེ་མང་དུ་འགྲོ་བ་རེད། སེམས་ཁམས་མི་སྐྱིད་པའི་སྐབས་སུ་ལུས་རྩལ་སྦྱོང་བ་དང་། གནས་སྐོར་ལ་འགྲོ་བ། རོལ་དབྱངས་ཉན་པ་སོགས་ཀྱིས་སེམས་ཁམས་ཇེ་ལེགས་སུ་གཏོང་ཐུབ།

བྱིས་པའི་སེམས་ཁམས་རྒྱུན་འཁྱོངས་བྱ་དགོས། བྱ་དངོས་ཅི་རིགས་ལ་འཇུག་པའི་སྐབས་སུ་མཚར་སྣང་ཡོད་དགོས། མཚར་སྣང་ཡོད་ཚེ་ཤེས་བྱ་གསར་པར་འཇུག་པའམ་སེམས་ཁམས་བདེ་ཐང་གི་ཐད་ལ་དོན་སྙིང་ཆེན་པོ་ལྡན་པ་རེད།

འཚོ་བའི་ཁྲོད་རྩེད་ལ་དགོད་ཀྱི་གཤིས་ཀ་གསོ་སྐྱོང་བྱ་དགོས། གཟབ་ནན་བྱེད་དགོས་པའི་སྐབས་སུ་གཟབ་ནན་བྱེད་པ་མ་གཏོགས། ལས་གྲོགས་སམ་གྲོགས་པོ། དེ་མིན་ཁྱིམ་མི་དང་ལྷན་དུ་སྡོད་དུས་འོས་ཤིང་འཚམ་པའི་སྒོ་ནས་རྩེད་མཚར་རིགས་ཀྱི་སྐད་ཆ་བཤད་ན་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་མ་ཟད། ད་དུང་དགོད་སྒྲའི་ཁྲོད་སོ་སོའི་སེམས་ཁམས་ཇེ་སྐྱིད་དུ་འགྲོ་བ་རེད། །

རྩོམ་སྒྲིག་པ། འབྲུག་མོ།