ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་ཨོ་ལིན་ཕིག་དམིགས་བསལ་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་ཡོངས་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་བཏང་།
2019.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་དང་ཨོ་ལིན་ཕིག་དམིགས་བསལ་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་ཡོངས་ལ་འཕྲིན་ལན་བསྐུར་ནས། ལུས་རྩལ་པ་རྣམས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ་ཡང་བསྐྱར་རྒྱལ་ཁ་ལེན་དགོས་པའི་སྐུལ་ལྕག་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པའི་ལུས་རྩལ་པ་རྣམས་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་བཏང་བྱུང་ཞེས་པའི་གཏམ་སྙན་དེ་མཚོ་སྔོན་འཐུས་ཚབ་ཚོགས་པའི་ནང་ཁྱབ་པ་ན། ལུས་རྩལ་པ་ཡོངས་དང་རྩལ་ཁྲིད་པ་ཡོངས་ལ་སྔར་མེད་སྐུལ་ལྕག་ཆེན་པོ་ཐེབས། བསྟུད་མུར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་འཕྲིན་ཡིག་གི་ནང་དོན་ལ་གྲོས་སྡུར་ལེགས་པོ་བྱས་ནས་བཤད་རྒྱུར། མུ་མཐུད་དུ་རྩིས་ཐང་དང་རང་རྟོན། རང་སྟོབས། ཚུགས་ཐུབ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། དབང་བོ་སྐྱོན་ཅན་སྔར་ལས་མང་པོ་ཞིག་ལ་འཚོ་བ་དང་འགྲན་རྩོད་ལ་གདོང་གཏོད་པ་དང་མི་ཚེའི་ཕུགས་བསམ་མངོན་དུ་བསྒྱུར་བར་སྐུལ་ལྕག་ཟབ་མོ་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། འབྲུག་མོ།