བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད“གཉིས་གཅོག་གཅིག་འཕར་གསུམ་ཐོན་མི་དགོས་པའི”དམིགས་ཚད་རགས་ཙམ་གྲུབ་པ།
2019.09.10 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 18

ཉེ་ཆར། གསར་འགོད་པས་ལྷ་སར་འཚོགས་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན།  སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་མགོ་བརྩམས་པའི་ཚུན་ལ། བོད་ཀྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་སྦྲུམ་མའི་འཆི་ཚད་ཉིས་སྟོང་བཅུ་བཞི་ལོའི་བཅུ་དྲུག་དང་གྲངས་ཆུང་བརྒྱད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བཅུ་གཅིག་དང་གྲངས་ཆུང་ལྔ་དགུ་བར་མར་ཆག་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་བརྒྱ་ཆའི་གྱ་ལྔ་དང་གྲངས་ཆུང་ཐིག་གཅིག་ནས་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་དྲུག་བར་ཇེ་མཐོར་སོང་བ།“ནད་ཆེན་པོའི”རིགས་བཞི་བརྒྱ་ཙམ་ལྗོངས་རིམ་པའི་སྨན་ཁང་ནས་བཅོས་ཐུབ་པ་དང་། “ནད་འབྲིང་བའི”རིགས་ཉིས་སྟོང་ཉིས་བརྒྱ་ཙམ་ས་ཁུལ་རིམ་པའི་སྨན་ཁང་ནས་བཅོས་ཐུབ་པ། “ནད་ཆུང་བ”ཕལ་ཆེ་བ་ཞང་དང་གྲོང་རྡལ་གྱི་སྨན་ཁང་ནས་བཅོས་ཐུབ་པ་སྟེ“གཉིས་གཅོག་གཅིག་འཕར་གསུམ་བཅོས་ཐུབ་པའི”དམིགས་ཚད་རགས་ཙམ་གྲུབ་ཡོད་པ་རེད།

ཉིས་སྟོང་བཅོ་ལྔ་ལོར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་མགོ་ཚུགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་བརྒྱད་བརྒྱ་དང་ཞེ་གཉིས་བོད་ལ་མངགས་ཏེ་སྨན་བཅོས་ཚོགས་པ་ལྔ་བརྒྱ་དང་གྱ་བརྒྱད་ལ་རོགས་ཁྲིད་བྱས་པ་མ་ཟད། ཐུམ་འབུའི་ནད་གཤག་བཅོས་སྟོང་ལྔ་ལྷག་ཙམ་རིན་མེད་ཐོག་བྱེད་རོགས་བྱས་པ་དང་།  ནང་སའི་ལག་རྩལ་གྱི་གྲུབ་འབྲས་ཁག་བརྒྱད་བརྒྱ་དང་ཞེ་བདུན་ནང་འདྲེན་བྱས་ཏེ་ལག་རྩལ་མཐོ་བའི་སྨན་བཅོས་སུམ་བརྒྱ་ལྷག་ཙམ་བྱས་པའི་ནང་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ལྔ་བཅུ་ལྷག་ཙམ་གྱི་སྟོང་ཆ་གསབ་ཡོད་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན།  མིག་སྔར་བོད་དུ་ནད་པ་ཚབས་ཆེན་མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་ཉིས་སྟོང་བཅུ་བཞི་ལོའི་ལོ་རེ་བརྒྱད་ནས་ལོ་བདུན་ཅུའི་བར་ཇེ་མཐོར་སོང་སྟེ་འཕར་ཚད་ལོ་གཉིས་དང་ཟླ་བཞི་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།