ལག་རྩལ་གསོ་སྦྱོང་སྤེལ་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ།
2019.09.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་དབང་བོ་སྐྱོན་ཅན་ལག་ཤེས་བཟོ་ལས་གསོ་སྦྱོང་འཛིན་གྲྭའི་སྟེང་། རྐང་བར་ནད་ཡོད་པའི་སྐུ་ཞབས་ལི་ཡིས་གཞིས་ལས་དོ་དམ་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། “གསོ་སྦྱོང་བྱས་པ་བརྒྱུད་ངས་གཞིས་ལས་དོ་དམ་གྱི་ཐོག་མའི་དཔང་ཡིག་ལོན་རྗེས་གཞི་ནས་བྱ་བ་བཙལ་ཆོག” སྐུ་ཞབས་ལི་ཡིས་ནུབ་མཚོ་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད།

གསོ་སྦྱོང་འདིར་མཁར་ཤར་ཁུལ་གྱི་སྡེ་ཁུལ་ཁག་གི་དབང་བོ་སྐྱོན་ཅན་ཉི་ཤུ་ལྷག་ཞུགས་ཡོད་ལ། སོ་སོས་གཞིས་ལས་དོ་དམ་དང་ཁྱད་ལྡན་བཟའ་བཏུང་གཡོས་སྦྱོར་གྱི་འཛིན་གྲྭར་སློབ་སྦྱོང་བྱེད་ཀྱིན་ཡོད།

ཏཱ་ཀྲུང་སྲང་ལམ་ལས་དོན་ཁང་ཧྲུའུ་ལིན་སྡེ་ཁུལ་གྱི་འཚོ་སྡོད་ལྷན་ཚོགས་ཀྱིས་དུད་ཁྱིམ་དུ་བརྟག་བཤེར་ལ་འགྲོ་དུས་སུ། ཁོངས་གཏོགས་ས་ཁུངས་ཀྱི་དབང་བོ་སྐྱོན་ཅན་ལ་ལས་ཞུགས་གསོ་སྦྱོང་གི་དགོས་མཁོ་ཡོད་པ་ཤེས་ནས་ཐོ་འགོད་སྙན་ཞུ་ཞུས། “ཁོ་ཚོས་ཡང་བསྐྱར་ལས་ཞུགས་བྱས་ནས་འཚོ་བའི་ཆ་རྐྱེན་མཐོར་འདེགས་གཏོང་པ་ནི་ང་ཚོའི་བྱ་བའི་རྣམ་གྲངས་ཅིག་ཡིན།”ཧྲུའུ་ལིན་སྡེ་ཁུལ་གྱི་དབང་བོ་སྐྱོན་ཅན་ལྷན་ཚོགས་ཀྱི་ཆེད་མིས་དེ་ལྟར་བཤད། གསོ་སྦྱོང་ལ་ཞུགས་པའི་སློབ་མ་དག་གིས་བཤད་རྒྱུར། སློབ་སྦྱོང་བྱས་པ་བརྒྱུད་རང་གི་གཡོས་སྦྱོར་ལག་རྩལ་མཐོར་འདེགས་གཏང་ཡོད་པ་མ་ཟད་གོ་སྐབས་ཚད་ལྡན་རེག་ན་རང་གི་ཟ་ཁང་གཉེར་བའམ་ཟ་ཁང་གཞན་དུ་ལས་ཀར་སོང་ནའང་ཆོག གསོ་སྦྱོང་འདིའི་རིགས་ཀྱིས་རང་ལ་བདམས་ཀ་མང་བོ་སྤྲོད་པ་མ་ཟད་འཚོ་བར་ཡིད་ཆེར་ཡང་སྤྲད་སོང་ཟེར། །

རྩོམ་སྒྲིག་པ། འབྲུག་མོ།