རང་རྒྱལ་གྱི་མ་བུ་བདེ་ཐང་ཞབས་ཞུའི་ཆུ་ཚད་གསར་པར་སླེབས་པ།
2019.09.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 18

ཉིན་འགའི་སྔོན་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་མ་བུ་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ(2019)》ལས་མངོན་པ་ལྟར། རང་རྒྱལ་གྱི་མ་བུ་བདེ་ཐང་གི་ཞབས་ཞུའི་སྤུས་ཚད་དང་ཞབས་འདེགས་ཞུ་ཚད་ཆུ་ཚད་གསར་པར་སླེབས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་བར། སྦྲུམ་མའི་འཆི་ཚད་ཁྲི་བཅུའི་ཆ་18.3ཡིན་ཞིང་། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦྲུམ་མ་འཆི་ཚད་ཀྱི་བསྡུར་གྲངས1:1.3བར་བབ་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་བར་ཁྱད་མངོན་གསལ་སྒོས་ཇེ་ཆུང་དུ་སོང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་ནས། སྦྲུམ་མའི་འཆི་ཚད་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་རྨང་གཞིའི་ཐོག་བརྒྱ་ཆའི་དོན་ལྔ་མར་འབབ་པར་བྱེད་དགོས། བླང་བྱ་དེ་རང་རྒྱལ་དུ་ཉིས་སྟོང་བཅུ་བཞི་ལོར་སྔ་སྣུར་སྒོས་མངོན་འགྱུར་བྱུང་བ་ནི་གོ་ལ་ཧྲིལ་པོར་དམིགས་ཚད་འདི་མངོན་འགྱུར་ཐུབ་མཁན་ཉུང་ཤས་ལས་མེད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། 2018ལོར་སླེབས་སྐབས། རང་རྒྱལ་གྱི་སྦྲུམ་མའི་འཆི་ཚད་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོ་དང་བསྡུར་ན་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བཞིར་མར་བབ་པ་དང་། དེའི་ནང་གྲོང་གསེབ་དང་གྲོང་ཁྱེར་གྱི་སྦྲུམ་མའི་འཆི་ཚད་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོ་དང་བསྡུར་ན་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་གཉིས་དང་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་གཉིས་སོ་སོརམར་བབ་ཡོད་པ་དང་། གྲོང་གསེབ་དུ་མངོན་གསལ་སྒོས་མར་བབ་ཡོད།

ཧྥུའུ་ཏན་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་མ་བུ་དང་ལོ་ཆུང་བྱིས་པའི་འཕྲོད་བསྟེན་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་ཆན་ཤུས་ཀྱིས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་མཐོ་རུ་གཏོང་རྒྱུ་ནི་རང་རྒྱལ་གྱི་སྦྲུམ་མའི་འཆི་ཚད་བརྟན་པོའི་ངང་མར་བབ་པའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་རེད། ཉེ་བའི་ལོ་དྲུག་རིང་། རྒྱལ་ཡོངས་ཀྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་བརྒྱ་ཆའི་གོ་དགུའི་ཡན་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ་གྲོང་གསེབ་ཀྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་བདུན་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བརྒྱད་བར་འཕར་ནས་སྦྲུམ་མའི་འཆི་ཚད་ཇེ་ཉུང་དུ་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་བརྒྱུད། ས་ཁུལ་དབུལ་པོའི་བུད་མེད་དང་བྱིས་པའི་བདེ་ཐང་སྔོན་ལ་འགན་ལེན་བྱས་ཡོད། མིག་སྔར། ཕྲུ་གུ་དམར་འབྱར་གྱི་ནད་ཡམས་འཐེན་བཤེར་དང་གྲོང་ཚོའི་བུད་མེད་ཀྱི“སྐྲན་ནད་གཉིས”འཐེན་བཤེར་སོགས་རྣམ་གྲངས་གལ་ཆེན་ས་ཁུལ་དབུལ་པོ་ཚང་མར་ཁྱབ་པས་ནད་གཞི་ཕོག་པའི་བུད་མེད་དང་བྱིས་པ་དབུལ་པོར་སྲོག་སྐྱོབ་སྨན་བཅོས་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།