སྐབས་གཉིས་པའི་མཐོ་སྒང་ས་ཁུལ་གྱི་འབྲས་སྐྲན་རྨ་ཁའི་སྨན་བཅོས་དེ་གནད་ཁེལ་སྨན་བཅོས་ཁྲོད་འཇོག་པའི་མཐོ་རིམ་དཔྱད་གླེང་གྲོས་ཚོགས་བསྡུས་པ།
2019.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

སྔར་ལས་ལྷག་པའི་སྒོ་ནས་མཐོ་སྒང་ས་ཁུལ་གྱི་འབྲས་སྐྲན་རྨ་ཁའི་སྨན་བཅོས་ལག་རྩལ་དེ་ཡོངས་ཁྱབ་དང་འཕེལ་རྒྱས་ངང་སྐུལ་འདེད་གཏོང་ཆེད། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། སྐབས་གཉིས་པའི་མཐོ་སྒང་ས་ཁུལ་གྱི་འབྲས་སྐྲན་རྨ་ཁའི་སྨན་བཅོས་དེ་གནད་ཁེལ་སྨན་བཅོས་ཀྱི་མཐོ་རིམ་དཔྱད་གླེང་དང་། ཀྲུང་གོའི་བུད་མེད་དང་བྱིས་པའི་བདེ་སྲུང་མཐུན་ཚོགས་ཀྱི་འོད་འགྱེད་ལས་རིགས་དེ་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འབྲས་སྐྲན་ཁྲོད་འཇོག་པ་དར་སྤེལ་གཏོང་བའི་ཟི་ལིང་ས་ཚིགས། ཚད་བཀག་རང་བཞིན་གྱི་ནད་ཐོག་བེད་སྤྱོད་སྨན་བཅོས་ལག་རྩལ་དར་སྤེལ་སློབ་སྦྱོང་བྱེད་སའི་འཛིན་གྲྭ་བཅས་ཟི་ལིང་དུ་སྤེལ་བ་རེད།

རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་འོངས་བའི་རྨ་ཁ་ཆུང་ངུར་སྨན་བཅོས་དང་འབྲས་སྐྲན། འོད་འགྱེད་བརྙན་རིས་ཚན་ཁག་སོགས་ཀྱི་ཆེད་མཁས་པ་དག་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་གཅིག་པའི་མི་སྣ་སུམ་བརྒྱ་ལྷག་ལ་བསམ་བློ་བརྗེ་རེས་དང་དཔྱད་ཞིབ་བྱས་ནས། ཐུན་མོང་སྒོས་འབྲས་སྐྲན་རྨ་ཁ་ཆུང་ངུ་དེའི་གནད་འཁེལ་སྨན་བཅོས་དེ་ཤེས་བྱ་གསར་བའི་ཁྲོད་བཞག་ནས་ལག་རྩལ་གསར་བའི་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་པ་རེད།

གྲོས་ཚོགས་སྟེང་ཆེད་མཁས་པ་དག་གིས་ནད་ཐོག་ནད་ཐོ་གཞིར་བཟུང་སྟེ་འབྲས་སྐྲན་སྨན་བཅོས་ཀྱི་སྔོན་འགྲོའི་འཕེལ་རིམ་དང་འབྲས་སྐྲན་རྨ་ཁ་ཆུང་ངུ་། མོ་ནད་ཚན་ཁག་གི་ལག་རྩལ་འཕེལ་རྒྱས། ཚད་ལྡན་སྒྲིག་སྲོལ། ནད་ཐོག་བེད་སྤྱོད་དངོས་ཡོད་བཅས་ཀྱི་ཐད་ལ་ངོ་མཚར་བའི་འཆད་ཁྲིད་གནང་བ་རེད། ནང་སྒོས་སུ་འབྲས་སྐྲན་ཚབས་ཆེན་གྱི་སྨན་བཅོས་སྔོན་འགོག་དང་ལུས་ཡོངས་ཀྱི་ཡན་ལག་སོ་སོའི་འབྲས་སྐྲན་གྱི་སྨན་བཅོས་བྱེད་ཐབས། སྦྲུམ་སྐྱེས་ཚན་ཁག་གི་སྨན་བཅོས་ཀྱི་མདུན་ལྗོངས་བཅས་ལ་དཔྱད་ཞིབ་ནན་མོ་བྱས། དེ་ལས་གཞན་ཆེད་མཁས་པ་དག་གིས་ད་རུང་གནད་འཁེལ་སྨན་བཅོས་ཀྱི་རྒྱབ་ལྗོངས་འོག་འབྲས་སྐྲན་དང་མོ་ནད་ཀྱི་ནད་གཞི་ཚབས་ཆེན་ལ་ཕྱོགས་བསྡུས་སྨན་བཅོས་བྱེད་པའི་ཐད་རང་རང་གི་བསམ་འཆར་ཡང་བཏོན་ཡོད།

གཙོ་སྒྲུབ་ཕྱོགས་ཀྱིས་བསྟན་དོན། དཔྱད་གླེང་གྲོས་སྡུར་གྱིས་འབྲས་སྐྲན་རྨ་ཁ་ཆུང་ངུ་དང་ཕྱོགས་བསྡུས་སྨན་བཅོས་ཀྱི་ཐབས་ཇུས་དང་བེད་སྤྱོད། ད་ལྟའི་གནས་བབ་དང་བསམ་ཕྱོགས་སོགས་ལ་དཔྱད་ཞིབ་བྱས་པ་མ་ཟད། འབྲས་སྐྲན་རྨ་ཁ་ཆུང་ཆུང་གི་སྨན་བཅོས་དེ་འབྲས་སྐྲན་ཕྱོགས་བསྡུས་སྨན་བཅོས་ཁྲོད་ཀྱི་ལེགས་པའི་ཆ་དང་གོ་གནས་སུ་བཞག་པ་གཏན་ཁེལ་བྱས། འདིས་མཚོ་སྔོན་ཞིང་ཆེན་གྱི་འབྲས་སྐྲན་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་ཐོབ་པ་དང་འབྲས་སྐྲན་རིམས་ནད་ལ་ཚན་རྩལ་གྱི་འདུས་ཚད་མཐོ་བའི་སྨན་བཅོས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་ནད་པ་དག་ལ་ཞབས་ཞུ་སྒྲུབ་པ་དང་འབྲས་སྐྲན་གྱི་སྨན་བཅོས་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཀྱི་བྱེད་ནུས་ངེས་ཅན་ཐོན་པར་ཡང་སྐུལ་འདེད་བྱས་ཡོད།

དཔྱད་གླེང་གྲོས་སྡུར་དེ་ནི་ཀྲུང་གོའི་གསོ་རིག་སློབ་གསོ་མཐུན་ཚོགས་ཀྱི་རྨ་ཁ་ཆུང་ངུའི་སྨན་བཅོས་ཆེད་ལས་ཨུ་ཡོན་ལྷན་ཚོགས་དང་ཀྲུང་གོའི་བུད་མེད་དང་བྱིས་པའི་བདེ་སྲུང་འོད་འགྱེད་ཆེད་ལས་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་འོད་འགྱེད་གཟུགས་བརྙན་ཚན་ཁག་གིས་འགན་སྒྲུབ་བྱས། མཚོ་སྔོན་ཞིང་ཆེན་མུར་བསྟུན་གསོ་རིག་སློབ་གསོའི་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་གིས་རོགས་སྒྲུབ་གནང་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།