མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། དུས་རབས་གསར་བའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ཤིང་གཞི་རྩར་འགན་སྲུང་དང་གཞི་རིམ་འཕེལ་རྒྱས་སུ་བཏང་ཞིང་། རྐྱེན་སྲོལ་བཙུགས་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་གྱི་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་ལ། ཞིང་ཆེན་ཡོངས་སུ་ཁེབས་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་འགན་སྲུང་། གཞི་རྩའི་སྨན་རྫས་མཁོ་འདོན། གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་མ་ལག་བཙུགས་པས། རིགས་སོ་སོའི་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་སྟེར་མི་ཐུབ་པའི་གནས་བབ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཟེར། ཡན་ཅིན་ཧེ་ཡིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་མཁྲེགས་གཏོར་གཏིང་ཟབ་ཏུ་སྤེལ་བ། བཅོས་སྒྱུར་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ། འབུར་ཐོན་གནད་དོན་ལ་དམིགས་པ། དེང་རབས་སྨན་བཅོས་དོ་དམ་ལ་ཤུགས་སྣོན་པ། སྨན་བཅོས་འགན་སྲུང་དངུལ་སྟེར་བའི་རྣམ་པར་བཅོས་སྒྱུར་བྱེད་པ། སྨན་རྫས་མཁོ་འདོན་འགན་སྲུང་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་མཉམ་དུ་སྤེལ་ནས། དུས་རབས་གསར་བའི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་རྒྱ་བསྐྱེད་པར་ཁག་ཐེག་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་བདེ་སྐྱིད་ཇེ་དྲག་ཏུ་གཏོང་དགོས་ཟེར།
རྩོམ་སྒྲིག་པ། འབྲུག་མོ།