《མཚོ་སྔོན་ཞིང་ཆེན་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོའི་ཚོགས་པའི་བཅའ་ཁྲིམས>ལག་བསྟར་ཐབས་ཤེས》ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱས།
2019.10.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 44

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན།《མཚོ་སྔོན་ཞིང་ཆེན་གྱི་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོའི་ཚོགས་པའི་བཅའ་ཁྲིམས་>ལག་བསྟར་ཐབས་ཤེས་》ལག་བསྟར་ཁྱབ་བསྒྲགས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས།

ཡོངས་བསྒྲགས་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་ཨུ་ཡོན་ལྷན་ཚོགས་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་འབྲེལ་ཡོད་འགན་འཁུར་པ་བཅས་ཀྱིས་《ལག་བསྟར་ཐབས་ཤེས་》ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་གོ་རིམ། ཁྱད་ཆོས་དང་དམིགས་བསལ་བཅས་ལ་དམིགས་ཏེ། ཉེ་བའི་ལོ་འགའི་རིང་རང་ཞིང་གི་རྒྱ་གྲམ་དམར་པོའི་ཚོགས་པའི་བྱ་བའི་གྲུབ་འབྲས་གཙོ་བོ་དང་རྗེས་ཕྱོགས་ཀྱི་བྱ་བ་དོན་འཁྱོལ་མཐར་ཕྱིན་བྱེད་པ་བཅས་ངོ་སྤྲོད་ཞིབ་མོ་བྱས་པར་མ་ཟད། རྒྱ་གྲམ་དམར་པོའི་སྤྱི་བའི་ཡིད་རྟོན་འཛུགས་སྐྱོང་དང་ཆ་འཕྲིན་ཅན་འཛུགས་སྐྲུན། དང་བླངས་ཞབས་ཞུ། ནད་ཆེན་སྨན་བཅོས་རོགས་སྐྱོར་སོགས་སྤྱི་ཚོགས་ཀྱིས་དོ་སྣང་ཆེ་བའི་གནད་དོན་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ།

《ལག་བསྟར་ཐབས་ཤེས》ནི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་ལས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱས་པ་རེད། དེ་བས་རང་ཞིང་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོའི་ཚོགས་པའི་བཅའ་ཁྲིམས་》གསར་བཅོས་གནང་ནས་ལག་ཏུ་བསྟར་རྗེས། 《ལག་བསྟར་ཐབས་ཤེས་》དངོས་འདོན་བྱེད་མཁན་གྱི་ཞིང་ཆེན་གསུམ་པར་གྱུར་ཡོད།

《ལག་བསྟར་ཐབས་ཤེས》གསར་བཅོས་མ་ལ་དོན་ཚན་ཉེར་བཞི་ཡོད་ཅིང་། ཉིས་སྟོང་གཉིས་ལོར་ལག་བསྟར་ཁྱབ་བསྒྲགས་བྱས་པའི་《ལག་བསྟར་ཐབས་ཤེས་》དང་བསྡུར་ན། རྒྱ་གྲམ་དམར་པོའི་ཚོགས་པའི་དམིགས་ཡུལ་ཁ་གསལ་བྱས་པ་དང་། འགན་འཁྲིའི་ཁྱབ་ཁོངས་རྒྱ་བསྐྱེད་པ། བཅོས་སྐྱོང་སྒྲིག་གཞི་བཅོས་བསྒྱུར་བྱས་པ། ལྟ་རྟོག་བྱེད་ཐབས་ལ་ཤུགས་བསྣན་པ། བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་བསྣན་པ་བཅས་བྱས་རྐྱེན། མཚོ་སྔོན་གྱི་ཁྱད་ཆོས་ལྷག་པར་གསལ་ཞིང་། མཚོ་སྔོན་གྱི་རྒྱ་གྲམ་དམར་པོའི་ལས་དོན་འཕེལ་རྒྱས་ཀྱི་དངོས་ཡོད་དང་ཡང་ལྷག་པར་འཚམ་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།