གློ་བུར་བའི་དོན་རྐྱེན་གྱིས་མིའི་ལུས་སེམས་ལ་གནོད་པ་ཐེབས་ཚད།
2019.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

གློ་བུར་བའི་དོན་རྐྱེན་དང་འཕྲད་ཚེ། མི་རྣམས་ཀྱི་སེམས་ཁམས་ལ་འགྱུར་བ་སྣ་ཚོགས་འབྱུང་བ་རེད། དེའི་ཁྲོད་དུ་གནོན་ཤུགས་དང་འགྱོད་སེམས། ཁས་མི་ལེན་པ། ཁོང་ཁྲོ་ལངས་པ། དེ་མིན་ཅུང་ཚབས་ཆེ་བའི་སེམས་ཀྱི་གནོན་ཤུགས་དང་དེ་ལས་ཐར་དཀའ་བ་སོགས་འདུས་ཡོད། སྤྱིར་བཏང་དུ་གནོན་ཤུགས་ལ་དབྱེ་ན་གཤམ་གསལ་ལྟར།

ལུས་པོའི་ཕྱོགས་ཀྱི་ནད་རྟགས། ན་ཟུག་ཡོད་པ(མགོ་ན་བ་དང་ཕོ་བ་ན་བ)། གཉིད་མི་ཁུག་པ་དང་དང་ག་འགག་པ། སྙིང་གི་ལྡིང་ཚད་དང་དབུགས་ལེན་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཡོད། ན་ཟུག་དྲག་པོ་སྐྱེས་པའི་སྐབས་སུ་རྩ་འཁུམ་པ་དང་། བརྒྱལ་ནས་འགྲོ་བར་མ་ཟད་ཚོར་བ་མེད་པ། སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པ། བསྟུད་མར་སྐྱུག་མེར་ལངས་པ་དང་ཁོག་པ་བཤལ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་རེད།

སེམས་ཁམས་ཕྱོགས་ཀྱི་ནད་རྟགས། སེམས་ཁུར་དང་སེམས་ཁྲལ་ཆེ་བ། འཇིགས་སྐྲག་སྐྱེ་བ། སྐྱོ་བ། ཁོང་ཁྲོ་ལངས་པ། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སྣང་བ་ཐོན་པ་སོགས་ཀྱི་སྣང་ཚུལ་ཡོད་པ་དང་། ཚབས་ཆེ་བའི་སྐབས་སུ་སེམས་ཁམས་ཀྱི་འགྱུར་ལྡོག་གིས་རང་ཉིད་དང་མི་གཞན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་ལ། སྐྱོ་སྣང་དང་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ལྟ་བུའི་སེམས་ཁམས་ཀྱིས་འཆི་འདོད་ཀྱི་སེམས་ཁམས་འབྱུང་བ་དང་གནོན་ཤུགས་ཆེ་བ་སོགས་ཀྱི་ནད་རྟགས་འབྱུང་།

བསམ་བློའི་ཕྱོགས་ཀྱི་ནད་རྟགས། ཁ་ཕྱོགས་ལ་རྨོངས་པ་དང་བསམ་གཞིགས་ཀྱི་གོ་རིམ་འཁྲུལ་བ། དྲན་ཤེས་ཀྱི་ནུས་པ་དང་དབྱེ་ཞིབ་ཀྱི་ནུས་པ་ཇེ་ཞན་དུ་སོང་ནས་ཐག་གཅོད་བྱེད་དཀའ་བ་དང་། ཡང་དང་བསྐྱར་དུ་གནོད་འཚེའི་དོན་རྐྱེན་དང་བཙན་འཛུལ་སོགས་ཀྱི་དོན་དག་ལ་ཕྱིར་དྲན་བྱེད་ཅིང་། ཅུང་ཚབས་ཆེ་བའི་སྐབས་སུ་རང་སྲོག་རང་གཅོད་དང་མི་གཞན་ལ་གནོད་འཚེ་གཏོང་འདོད་ཀྱི་བསམ་པ་སྐྱེ་ཞིང་། སེམས་ལ་འཚུབ་ཆ་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་།

བྱ་སྤྱོད་ཕྱོགས་ཀྱི་ནད་རྟགས། གཉེན་ཉེའམ་གྲོགས་པོ། མི་མང་འདུ་ས་དང་ཁ་བྲལ་ནས་ཁེར་སྡོད་བྱེད་པའམ་སྨྲ་བ་ཉུང་བ། ངུ་སླ་ཞིང་ཁོང་ཁྲོ་ལངས་སླ་བ། གནོད་འཚེ་དང་འབྲེལ་བ་ཡོད་པའི་ས་གནས་དང་མི་སྣར་འཕྲད་མི་འདོད་པ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་པ། ཚབས་ཆེ་བའི་སྐབས་སུ་དྲག་ཤུགས་ཀྱི་བྱེད་ཐབས་སྤྱོད་པར་དགའ་བ། རང་གིས་རང་ལ་གནོད་པ་གཏོང་འདོད་པའམ་སྤྱི་ཚོགས་ལ་རྒོལ་བའི་བྱ་སྤྱོད་ལྡན་པ། འཁྲུག་ཆ་དོད་པའམ་ཡང་ན་ཁུ་སིམ་མེར་སྡོད་པ། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ་སོགས་ཀྱི་ནད་རྟགས་འབྱུང་།

རྩོམ་སྒྲིག་པ། འབྲུག་མོ།