མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་ལེན་མགོ་སྐོར་གཡོ་ལེན་གྱི་བྱ་སྤྱོད་ལ་མུ་མཐུད་རྡུང་རྡེག་གཏོང་བ་དང་ཆེད་དོན་བཅོས་སྒྲིག་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།
2019.10.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

ཟླ་བཅུ་བའི་ཚེས་བརྒྱད་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་ཟླ་བཞི་བ་ནས་བཟུང་སྨན་བཅོས་འགན་ལེན་ཐེབས་རྩའི་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་མང་མཉམ་སྤྱོད་བཅས་བྱས་ནས་ཁོངས་གཏོགས་ས་ཁུལ་གྱི་སྨན་རྫས་སྒྲིག་གཞི་ཚང་མའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པས་མགོ་སྐོར་གཡོ་ཁྲམ་ལ་མུ་མཐུད་དུ་རྡུང་རྡེག་བྱས་པ་དང་སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་འགྲོ་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་མགོ་སྐོར་གཡོ་ལེན་གྱི་སྨན་བཅོས་འགན་ལེན་ཐེབས་རྩའི་ཆེད་དོན་བཅོས་སྒྲིག་ལ་རྡུང་རྡེག་གཏོང་བའི་དུས་མཚམས་གཉིས་སུ་དབྱེ་ཡོད། ཟླ་བཞི་པ་ནས་བརྒྱད་པའི་བར་གྱི་རང་བཤེར་རང་བཅོས་ཀྱི་དུས་མཚམས་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་འགན་ལེན་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་དོ་དམ་གྱི་གཏན་འབེབས་གཞིར་བཟུང་ནས་ས་གནས་ཀྱི་སྨན་རྫས་སྒྲིག་གཞི་སྟོང་གཉིས་དང་དགུ་བརྒྱ་བཞི་བཅུ་ལ་ཞིབ་བཤེར་བྱས་པ་དང་། སྨན་བཅོས་འགན་བཅོལ་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་སྨན་རྫས་སྒྲིག་གཞི་སྟོང་གཅིག་དང་བརྒྱ་ལྷག་ཤེས་རྟོགས་བྱུང་ནས། དེའི་ཞིབ་ཕྲའི་སྒྲིག་འགལ་གྱི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་གྲོས་གཞི་བཅུ་བཞི་མེད་པར་བཟོས་ཤིང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ཉིས་བརྒྱ་དང་གོ་ལྔ་མཚམས་བཞག་པ་དང་། སྨན་བཅོས་འགན་བཅོལ་གྱི་སྒྲིག་འགལ་གྱི་འགྲོ་གྲོན་ཁྱོན་བསྡོམས་པས་སྒོར་ས་ཡ་བཞི་དང་འབུམ་གཅིག་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱ་ཙམ་ཕྱིར་འཐེན་བྱས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།