མཚོ་སྔོན་ཞིང་ཆེན་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ཁུངས་རིགས་སྟོང་གཅིག་དང་ཉིས་བརྒྱ་གོ་བཞི་ཡོད།
2019.10.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ཁུངས་རིགས་སྟོང་གཅིག་དང་ཉིས་བརྒྱ་གོ་བཞི་ཡོད་པའི་ནང་། རྩི་ཤིང་གི་སྨན་སྣའི་རིགས་སྟོང་གཅིག་དང་གྱ་བདུན་དང་། སྲོག་ཆགས་ཀྱི་སྨན་སྣའི་རིགས་བརྒྱ་དང་ལྔ་བཅུ། གཏེར་དངོས་ཀྱི་སྨན་སྣའི་རིགས་ང་བདུན་བཅས་ཡོད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་སའི་གཞི་ཁྱོན་དེ་ཐོག་མའི་ཤར་རྒྱུད་ཞིང་ལས་ས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁག་ཏུ་རྒྱ་ཆེར་བཏང་ནས་གདང་ལའི་ལྕུམ་རྩ་དང་། སྤྲུ་མ། ཀྱི་ལྕེ། འཕང་འབྲས། ཤིང་མངར་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་མང་པོ་བསྐྲུན་ནས་འདེབས་འཛུགས་དང་རི་སྐྱེས་གསོ་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་ ཙམ་ཟིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ཞིག་ཏུ་བརྩིས་ནས་ཐོན་ལས་འཛུགས་སྐྲུན་དང་། ལྗང་མདོག་ཐོན་ལས་མ་ལག་འཛུགས་པ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་ཁྱོན་ཆེ་རུ་གཏོང་བ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཧུར་ཐག་གིས་སྤུས་ལེགས་སྤུས་རྟགས་གཏོད་པ། ཞིབ་འཇུག་གསར་སྤེལ་གྱི་ལས་སྟེགས་གཏོད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐོན་ལས་སྦྲེལ་ཐག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བའི་རྣམ་པ་ཐོན་ཡོད་པ་རེད།

རི་སྐྱེས་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། རི་སྐྱེས་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་འདེབས་འཛུགས་དང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། སྟོངས་ལ་ཉེ་བའི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་ཐོན་ཁུངས་སྲུང་སྐྱོང་དང་རི་སྐྱེས་གསོ་སྐྱོང་ལ་ཤུགས་སྣོན། ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་ཐོན་ཚད་ཇེ་མང་དུ་གཏོང་བ། གོ་རིམ་ལྡན་པའི་ངང་ཀྲུང་ལུགས་དང་བོད་ལུགས་ཀྱི་རི་སྐྱེས་སྨན་རྒྱུ་འདེབས་འཛུགས་ས་ཁུལ་བསྐྲུན་པ། ཧུར་ཐག་གིས་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་བེད་སྤྱོད་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རགས་ཙམ་ཆགས་ཡོད་པ་རེད།

མིག་སྔར་རང་རེའི་ཞིང་ཆེན་གྱིས་གདང་ལའི་ལྕུམ་རྩ་དང་། སྤྲུ་མ། ཀྱི་ལྕེ། འཕང་འབྲས། ཤིང་མངར་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་མང་པོ་བསྐྲུན་ཡོད། དེའི་ནང་འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གསུམ་དང་སྟོང་གཉིས་དགུ་བརྒྱ་ཟིན་པ་དང་། གླ་ཚེར་འདེབས་འཛུགས་དང་རི་སྐྱེས་གསོ་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཅིག་དང་ཁྲི་ལྔ་ལྷག་ཟིན་པ་དང་། ཤིང་མངར་འདེབས་འཛུགས་ཐོན་སྐྱེད་ཀྱི“ཕྱིར་སྐྱོད་པའི”འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཤིན་ཅང་དང་ཀན་སུའུ་སོགས་ས་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཀྲུང་ལུགས་སྨན་རྒྱུ་ཐོན་སྐྱེད་རྟེན་གཞི་དང་ཨ་ཧྥུའུ་ཧན་སོགས་ས་ཁུལ་གྱི་རྒྱལ་ཡོངས་བརྒལ་བའི་ཀྲུང་ལུགས་སྨན་རྒྱུ་ཐོན་སྐྱེད་རྟེན་གཞི་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་མ་བཅོས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་ནུས་ཤུགས་ཇེ་ཆེར་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།