འཚོ་བའི་ཁྲོད་དུ་ཕམ་ཉེས་ལ་ཇི་ལྟར་གདོང་གཏོད་དགོས།
2019.10.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

མི་ཚེ་ནི་སྐྱིད་སྡུག་འདྲེས་མས་གྲུབ་པ་ཞིག་ཡིན། མི་ལ་ལས་ཕམ་ཉེས་ནི་ཚེ་འདིའི་ཆེས་བཟོད་ཐབས་བྲལ་བའི་གནོད་འཚེར་བསམས་ནས་ཉམས་རྒུད་དུ་འགྲོ་བ་ལས་ཐབས་གཞན་མེད་པར་འདོད་ཡོད། ཡིན་ཡང་མི་ལ་ལའི་བསམ་བློ་གཏོང་སྟངས་དེ་ལས་འགོངས་ཏེ། ཕམ་ཉེས་ནི་མི་ཚེའི་བར་ཆད་ཞིག་ཏུ་འདོད་དེ་ཐར་ལམ་དང་བྱེད་ཐབས་གང་མང་བཏོན་ནས་དཀའ་བའི་གནས་དེ་ལས་ཐར་བར་འབད་པ་བླ་ལྷག་གནང་གིན་ཡོད་པར་མ་ཟད། ད་དུང་དེ་ནི་མི་ཚེའི་སྡུག་ལས་ཐར་བའི་ཉམས་མྱོང་དུ་སྒོམ་བཞིན་ཡོད། མི་ཚེའི་བཞུད་ལམ་ཁྲོད་དཀའ་ཁག་དང་ཕམ་ཉེས་ལ་འཕྲད་སྲིད་པས། ང་ཚོས་ཕམ་ཉེས་ལ་ཇི་ལྟར་གདོང་གཏོད་པ་དང་དཀའ་ཁག་ལས་ཇི་ལྟར་ཐར་བར་བྱ་རྒྱུ་དེ་ནི་ཆེས་གལ་ཆེ་བའོ། །

ཕམ་ཉེས་ཀྱི་འཚོ་གནས་རང་བཞིན་ངོས་ཟིན་དགོས། མི་ཚེའི་བཞུད་ལམ་ནི་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་ཧ་ཅང་འདྲ་བར། དེར་ཡང་དཔྱིད་དབྱར་སྟོན་དགུན་ཡོད་དེ། ཉི་འོད་དྲོ་བའི་དཔྱིད་ཀ་ཡོད་ལ་གྲང་ངར་ཆེ་བའི་དགུན་དུས་ཀྱང་ཡོད། ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་མི་ཚེའི་བྱ་བ་ཅི་རིགས་ལ་ཉམས་ལེན་བྱེད་དགོས། དཀའ་སྡུག་ལ་གཡོལ་ཐབས་མེད་པས།ནར་སོན་པའི་གོ་རིམ་ཁྲོད་ཀྱི་དཀའ་ཚེགས་དེ་དག་གི་ཉམས་མྱོང་ལས་རང་ཉིད་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ནི་གལ་ཆེན་ཡིན།

ཕམ་ཉེས་ནི་ངོ་བོ་གཉིས་ལྡན་ཅན་ཞིག་ཡིན་པ་ངོས་ཟིན་དགོས། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ནི་ངོ་བོ་གཉིས་ལྡན་ཅན་ཡིན་ཏེ། “བདེ་སྐྱིད་ངོ་མ་ནི་སྤྲོ་སྣང་འཕེལ་བ་ཙམ་མིན་པར་མཐའ་མཇུག་གི་རྒྱལ་ཁ་དེ་ཡིན་ལ། བདེ་སྐྱིད་ནི་དཀའ་ཁག་ལས་རྣམ་པར་རྒྱལ་བའི་རྒྱལ་ཁའི་མྱོང་སྣང་རིགས་ཤིག་ལས་ཐོན་པ་སྟེ། བླ་ན་མཐོ་བའི་རྒྱལ་ཁ་རིགས་ཤིག་གོ”ཞེས་པ་བཞིན་ཕམ་ཉེས་ཟེར་བ་དེ་ཡང་གོད་ཆག་ཅིག་ཡིན་ལ་བསྲེག་བཅད་བརྡར་གསུམ་གྱི་ཉམས་མྱོང་ཞིག་ཀྱང་ཡིན།

རང་ཉིད་རང་ལ་རེ་བ་དང་ཡིད་ཆེས་ཡོད་དགོས། རང་ཉིད་ལ་རེ་བ་བཅངས་པའི་ལྟ་སྟངས་ཀྱིས་མ་འོངས་པར་གདམ་ག་མ་ནོར་བར་བྱ་ཐུབ་ལ། ཕྱི་མའི་བརྩོན་པའི་རྒྱུད་ལ་སྐུལ་མ་གཏོང་ཐུབ་པས་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་ལྟར་དམིགས་འབེན་གཏན་འཁེལ་བྱེད་དགོས། རེ་བ་བཅངས་ཚད་དེ་རང་ཉིད་ཀྱི་ད་ཡོད་ནུས་པ་ལས་ཆེས་མཐོ་སར་འཛིན་མི་རུང་ལ་ཆེས་དམའ་སར་ཡང་འཛིན་མི་རུང་།

བརྩོན་སེམས་དང་སྤྲོ་སྣང་ལྡན་པའི་མི་ཚེའི་ལྟ་བ་གསོ་སྐྱོང་བྱེད་དགོས། བརྩོན་སེམས་དང་སྤྲོ་སྣང་ལྡན་པའི་མི་ཚེའི་ལྟ་བས་ང་ཚོར་དཀའ་སྡུག་གི་མདུན་དུ་ཕྱིར་བཤོལ་མི་བྱེད་པ་དང་། དཔའ་ངར་ཞུམ་པ་མེད་པ། མདུན་དུ་བསྐྱོད་པའི་སྤོབས་པ་བསྐྱེད་སྲིད།

ཆ་རྐྱེན་བསྐྲུན་ནས་ཁོར་ཡུག་ལ་ལེགས་བཅོས་བྱེད་དགོས། འཚོ་བ་སྐྱིད་པོ་ཡོང་མིན་ནི་མི་རང་ཉིད་ལ་རག་ལས་ཡོད། ནམ་ཡང་དཀའ་སྡུག་གི་དོན་དངོས་ལ་ལེ་བདའ་བྱེད་པ་ལས་སེམས་ཞིབ་མོས་མིག་མདུན་གྱི་སྤྲོ་སྣང་ལ་མྱོང་རོལ་བྱས་ན་དགའ།

སེམས་སྡུག་ཕྱིར་ཕྱུངས་དགོས། མི་ཚང་མར་ཕམ་ཉེས་བྱུང་ཚེ་སེམས་འཚབ་པ་དང་སེམས་སྐྱིད་པོ་མི་ཡོང་། ཆུ་མཛོད་ནང་གི་ཆུ་བཞིན་བསགས་རྒྱུ་མང་དྲགས་ན་ཆུ་རགས་འཆོར་བའི་ཉེན་ཁ་ཆེ་བས། སེམས་མི་སྐྱིད་པའི་སྐབས་སུ་རང་ཉིད་ཀྱི་སེམས་སྡུག་ཕྱིར་ཕྱུངས་ཐབས་བྱ་རྒྱུ་ནི་གལ་ཆེའོ། །

སེམས་ཁམས་བློ་འདྲི་བྱེད་དགོས། འཚོ་བའི་ཁྲོད་ཀྱི་དོན་དག་ཁ་ཤས་ནི་ང་ཚོས་ཐག་གཅོད་ཐབས་བྲལ་བས། སེམས་ཁམས་རིག་པའི་ཆེད་མཁས་པ་བཙལ་ནས་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།