རང་ཞིང་གིས《བསམ་འཆར》བཏོན་ནས་མང་ཚོགས་ཀྱི“སྨན་བཅོས་རིན་གོང་མཐོ་བ”ཡི་གནད་དོན་སྔར་བས་ཞི་ལྷོད་དུ་བཏང་བ།
2019.10.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

ཉེ་ཆར། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《རྒྱལ་ཁབ་གྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་ལེན་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཏེ། བོད་སྨན་རིགས་བརྒྱ་ཙམ་ཁ་སྣོན་བྱས་ནས་རང་ཞིང་གི་ཁ་སྣོན་གཞི་རྩའི་སྨན་རྫས་སུ་བཞག་པ་དང་། རྫོང་ཁོངས་གསོ་རིག་སྤྱི་གཟུགས་ནང་གི་སྨན་རྫས་དང་སྤྱིར་བཏང་གི་སྨན་སྤྱོད་ཟད་གྲོན་རྒྱུ་ཆས་ཀྱི་ཉོ་སྒྲུབ་བྱ་བ་སྤེལ་བར་སྐུལ་འདེད་བཏང་ཞིང་། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞི་རྩའི་སྨན་རྫས་ཀྱི་བེད་སྤྱོད་བསྡུར་ཚད་ངེས་གསལ་བྱས་ལ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞི་རྩའི་སྨན་རྫས་དམིགས་སུ་བཟུང་ནས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པར་བསྔགས་སྐུལ་བྱེད་པ་དང་། རང་ཞིང་གི་རིམ་དབྱེ་ནད་རྟགས་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པ་བཅས་ཀྱིས། མང་ཚོགས་ཀྱི“སྨན་བཅོས་རིན་གོང་མཐོ་བའི”གནད་དོན་སྔར་བས་ཞི་ལྷོད་དུ་བཏང་།

《བསམ་འཆར》ནང་རྒྱལ་ཁབ་གཞི་རྩའི་སྨན་རྫས་ཀྱི་གཙོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། བོད་སྨན་གྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། བོད་སྨན་རིགས་བརྒྱ་ལྷག་རང་ཞིང་གི་ཁ་སྣོན་གཞི་རྩའི་སྨན་རྫས་བྱས་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ལྷག་པར་དུ་མི་རིགས་ས་ཆའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞི་རྩའི་སྨན་བཀོལ་བའི་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་སྟེ། བོད་སྨན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་སྤེལ་བྱས་ཡོད།

《བསམ་འཆར》ནང་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞི་རྩའི་སྨན་རྫས་ཀྱི་བེད་སྤྱོད་བསྡུར་ཚད་ངེས་གསལ་བྱས་པ་དང་། རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་གཞི་རྩའི་སྨན་རྫས་བེད་སྤྱོད་དངུལ་གྲངས་བསྡུར་ཚད་བརྒྱ་ཆའི་ཉེར་ལྔ་ལས་མི་དམའ་བ་དང་། རིམ་པ་གཉིས་པའི་གཞུང་བཙུགས་སྨན་ཁང་བརྒྱ་ཆའི་ལྔ་བཅུ་ལས་མི་དམའ་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བརྒྱ་ཆའི་བརྒྱད་ཅུ་ལས་མི་དམའ་བར་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤུས་ཚད་དང་ཕན་ནུས་ཐད་གཅིག་མཐུན་རང་བཞིན་ཅན་གྱི་གདེང་འཇོག་ཐོབ་ཡོད་པ་དང་། གོང་ཚད་རན་པའི་གཞི་རྩའི་སྨན་རྫས་དམིགས་སུ་བཟུང་ནས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པར་བསྔགས་སྐུལ་བྱས་ནས། གཅིག་མཐུན་རང་བཞིན་གྱི་གདེང་འཇོག་ཐོབ་མེད་པའི་གཞི་རྩའི་སྨན་རྫས་རིམ་གྱིས་འདོར་དགོས་པ་གསལ་པོར་བསྟན་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།