ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་སྨན་པའི་མཐུན་ཚོགས། ཆིན་ཧྭ་སློབ་ཆེན་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྨན་པའི་མཐུན་ཚོགས། མཚོ་སྔོན་སློབ་ཆེན་བཅས་ཀྱིས་སྒྲུབ་འགན་འཁུར་བའི“བདེ་ཐང་ཀྲུང་གོ། སྨན་པའི་འགུལ་སྐྱོད”ཅེས་པའི་བདེ་ཐང་དབུལ་སྐྱོར་གྱི་ཐུམ་འབུའི་ནད་མཁྲེགས་གཏོར་འཆར་གཞིའི་ལས་གཞི་མགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་སྤེལ། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཞུས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཞུན་གཉིས་མཛད་སྒོར་ཞུགས་ཤིང་གཏམ་བཤད།
ཁྲེན་ཞུས་ཀྱིས་གཏམ་བཤད་ནང་བསྟན་དོན། ཆིན་ཧྭ་སློབ་ཆེན་གྱིས་ད་རག་བར་དུ་ཐུམ་འབུའི་ནད་སྔོན་འགོག་དང་ནད་དཔྱད། སྨན་བཅོས་བཅས་ཀྱི་བྱ་བའི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ཆིན་ཧྭ་སློབ་ཆེན་གྱི་ཆེད་མཁས་པའི་ཐོན་ཁུངས་མཉམ་སྡེབ་བྱེད་པ་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་ལ་རོགས་རམ་བྱས་ཏེ་ཐུམ་འབུའི་ནད་ནད་དཔྱད་དང་སྨན་བཅོས་བྱེད་པའི་མཉམ་སྤྱོད་སྟེགས་བུ་བཙུགས་ཡོད། མིག་སྔར། ཐུམ་འབུའི་ནད་སྔོན་འགོག་དང་ནད་དཔྱད། སྨན་བཅོས་བཅས་ཀྱི་བྱ་བ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ང་ཚོས“བདེ་ཐང་དབུལ་སྐྱོར་གྱི་ཐུམ་འབུའི་ནད་མཁྲེགས་གཏོར་འཆར་གཞིའི་ལས་གཞི”མགོ་བརྩམས་པ་གོ་སྐབས་སུ་བརྩིས་ཏེ། དངོས་བཟུང་དངོས་སྒྲུབ་བྱེད་པ་དང་དཀའ་སྡུག་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། རིག་གཞུང་ཚན་ཁག་མང་པོའི་ལེགས་ཆ་གཅིག་ཏུ་སྡུད་པ། རམ་འདེགས་སློབ་ཆེན་གྱི་རིག་གཞུང་ཚན་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་ཐོན་ལག་རྩལ་དང་འདུ་ཤེས“འགོར་འགྱངས་མེད་པའི”སྒོ་ནས་གཞི་རིམ་དུ་སྐྱེལ་བ་དང་། ནད་རིགས་སྐྱོབ་བཅོས་ཀྱི་ཕན་འབྲས་ཇེ་མཐོར་བཏང་སྟེ། ནད་པ་མང་པོ་ཡུལ་གང་དུ་གཏོགས་པ་དེ་ནས་སྲོག་སྐྱོབ་སྨན་བཅོས་བྱེད་ཐུབ་ཏུ་འཇུག་དགོས།
ཝང་ཞུན་གྱིས་བཤད་རྒྱུར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཆིན་ཧྭ་སློབ་ཆེན་གྱི་རྒྱབ་རྟེན་བརྟན་པོ་ཡོད་པས“ལྔ་ཅན་བཞིའི་འཐབ་ཇུས”ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སྔར་བས་སྲ་བརྟན་གྱི་བདེ་ཐང་འགན་སྲུང་འདོན་སྤྲོད་བྱས་ཡོད། ང་ཚོས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་ཏུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། “ཚེ་སྲོག་ལ་གཅེས་སྤྲས་དང། སྲོག་སྐྱོབ་སྨན་བཅོས། བྱམས་སྐྱོང་ཚད་མེད”སོགས་ཀྱི་བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་དང་། སྔོན་འགོག་དང་སྨན་བཅོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལེགས་པོར་སྤེལ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།