རང་ཞིང་གིས་ཨེ་ཙི་ནད་ཀྱི་ཁྱབ་ཚད་དམའ་བའི་གནས་བབ་སྲུང་འཛིན་བྱས་ཡོད།
2019.12.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི“འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ”ཐེངས་སོ་གཉིས་པ་རེད། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཨེ་ཙི་ནད་འགོག་བཅོས་བྱེད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་ལ། སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཡོངས་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བར་ཧུར་ཐག་གིས་ཞུགས་པས། ཞིང་ཆེན་ཡོངས་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ཨེ་ཙི་ནད་ཀྱི་ཤི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད་ལ། ཁྲག་ལམ་བརྒྱུད་ནས་ནད་མཆེད་པ་དང་སྡོད་རྩར་དུག་བརྒྱབ་པ་ལས་མཆེད་པ། མ་བུའི་བར་དུ་མཆེད་པར་ཚོད་འཛིན་ནུས་ལྡན་ཐོབ་སྟེ། རང་ཞིང་གི་ཨེ་ཙི་ནད་ཀྱི་ཁྱབ་ཚད་དམའ་བའི་གནས་བབ་སྲུང་འཛིན་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་རིམ་བསགས་ཀྱིས་ཡར་ཞུ་བྱས་པའི་རང་ཞིང་དུ་འཚོ་སྡོད་བྱས་ཡོད་པའི་ཨེ་ཙི་ནད་དུག་ཕོག་མཁན་དང་ནད་པ་བསྡོམས་པས་སྟོང་གསུམ་དང་དོན་བདུན་ཡོད་ལ། རིམ་བསགས་ཀྱིས་བརྩིས་ན་མི་ལྔ་བརྒྱ་དང་ཉེར་གཉིས་ཤི་བ་དང་ད་སྔ་གསོན་ཡོད་པའི་མི་ཉིས་སྟོང་ལྔ་བརྒྱ་ང་ལྔ་ཡོད་པ་རེད། ད་ལྟ་རང་ཞིང་དུ་བསྡད་ཡོད་པའི་ནད་པའི་ཁྲོད་ཀྱི་ཁྱབ་ལམ་གཙོ་བོ་ནི་སྔར་བཞིན་ལུས་འབྲེལ་བརྒྱུད་ནས་ཁྱབ་པ་དེ་ཡིན་ལ། དེས་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་བཞི་གཉིས་ཟིན་པ་དང་། ལོ་ན་ཉི་ཤུ་ནས་ཞེ་དགུ་བར་གྱི་གཞོན་པ་དང་དར་མ་གཙོ་ཡིན་ཞིང་། ནད་པའི་བསྡོམས་གྲངས་ཀྱི་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བཞི་ལྔ་ཟིན་ཡོད།

རང་ཞིང་གིས་རྒྱུན་མི་ཆད་པར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ཨེ་ཙི་ནད་ཀྱི་ཞིབ་དཔྱད་ཚད་ལེན་དྲ་བ་དང་ནུས་པ་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ང་ལྔ་པོ་ཚང་མར་ཨེ་ཙི་ནད་དང་རེག་དུག་གི་ཆེད་ལས་སྔོན་འགོག་ཚོད་འཛིན་ཚན་ཁག་བཙུགས་ཤིང་། ཞིང་ཆེན་ཡོངས་སུ་ཨེ་ཙི་ནད་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་རེ་གཉིས་དང་ནད་ངོས་འཛིན་ཚོད་ལྟ་ཁང་བཞི། ཨེ་ཙི་ནད་ཀྱི་མཆིན་ཚད་ག་པའི་ལྟ་ཞིབ་ཚད་ལེན་སོ་གནས་ཉེར་གཅིག སྡེ་ཁུལ་དུག་གཅོད་སྨན་རྫས་རྒྱུན་སྲུང་གསོ་བཅོས་སྒོ་བསྟེན་ཁང་ལྔ། ཨེ་ཙི་ནད་ལ་རིན་མེད་རང་མོས་འདྲི་རྟོག་ཞིབ་དཔྱད་ཚད་ལེན་བྱེད་གནས(VCT)བརྒྱ་དང་སོ་བདུན་བཅས་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་ཡོད་པས། ཨེ་ཙི་ནད་ཀྱི་ནད་དུག་འགོག་གཟུགས་ཞིབ་དཔྱད་ཚད་ལེན་རྫོང(ཁུལ)གྱི་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། “འཐད་པ་བྱུང་མཁན་ལ་ནུས་ཤུགས་ཡོད་རྒུས་གསོ་བཅོས་བྱེད་པ”ཡི་རྩ་དོན་ལྟར། ཨེ་ཙི་ནད་དུག་ཕོག་མཁན་དང་ནད་པར་ནད་དུག་འགོག་པའི་གསོ་བཅོས་ལག་བསྟར་བྱེད་རྒྱུའི་སྐུལ་སློང་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།