​རིམས་ནད་སྔོན་འགོག་སྐབས་སུ་གཞུང་སྒྲུབ་ཁོར་ཡུག་གི་འགོག་སྲུང་བྱ་བ་ཇི་ལྟར་བསྒྲུབ་དགོས།
2020.03.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

གཅིག ལས་ཚོགས་སུ་འགྲོ་བའི་ལམ་བར་དུ་ཇི་ལྟར་བྱ་དགོས།

ལས་ཚོགས་སུ་འགྲོ་བའི་ལམ་དུ་རབ་ཡིན་ན་སྤྱི་སྤྱོད་རླངས་འཁོར་སོགས་སུ་མི་འདུག་པར་རྐང་ཐང་དུ་འགྲོ་བ་དང་། ལྕགས་རྟར་ཞོན་པའམ་སྒེར་གྱི་རླངས་འཁོར་བསྐོར་ནས་སོང་ན་བཟང་། གལ་ཏེ་སྤྱི་སྤྱོད་རླངས་འཁོར་མ་གཏོགས་འགྲིམ་འགྲུལ་ཡོ་བྱད་གཞན་པ་མེད་ཚེ། ངེས་པར་དུ་ཁ་ཐུམ་རྒྱག་དགོས་ཤིང་རླངས་འཁོར་ནང་དུ་ལག་པས་གང་སར་རེག་མི་རུང་།

གཉིས། གཞུང་སྒྲུབ་ཁང་དུ་འགྲོ་སྐབས་ཇི་ལྟར་བྱ་དགོས།

གཞུང་སྒྲུབ་ཁང་དུ་འགྲོ་སྐབས་ཚ་གྲང་ལ་བལྟ་དགོས། ཚ་གྲང་རྒྱུན་ལྡན་ཡིན་ཚེ་གསང་སྤྱོད་ཁང་དུ་སོང་ནས་ལག་པ་གཙང་མར་བཀྲུས་རྗེས་ད་གཟོད་གཞུང་སྒྲུབ་ཁང་དུ་སོང་ཆོག གལ་ཏེ་ལུས་དྲོད་ཏུའུ་གྲངས37.2℃ཡན་ལ་བུད་ཚེ། གཞུང་སྒྲུབ་ཁང་དུ་མི་འགྲོ་བར་ཕྱིར་ཡུལ་དུ་ལོག་ནས་ངལ་གསོ་ཞོར་དུ་རང་ཉིད་ལ་ལྟ་ཞིབ་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

གསུམ། གཞུང་སྒྲུབ་ཁང་དུ་ཐོན་རྗེས་ཇི་ལྟར་བྱ་དགོས།

གཞུང་སྒྲུབ་ཁང་གི་ཁོར་ཡུག་གཙང་སྦྲར་དོ་སྣང་བྱེད་དགོས་པ་དང་། ཉིན་རེར་ཉུང་མཐར་ཡང་ཐེངས་གསུམ་ལ་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་དགོས། ཡིན་ནའང་སྒོ་དང་དྲ་མ་ཕྱེས་ཡོད་པའི་སྐབས་སུ་རང་ཉིད་ཀྱི་ལུས་ཕུང་འཁྱག་ཏུ་འཇུག་མི་རུང་། མི་དང་མིའི་བར་དུ་མུས་གཅིག་ཡན་གྱི་བར་ཐག་བཀྱེད་པ་དང་མི་མང་པོས་མཉམ་དུ་བྱ་བ་སྒྲུབ་སྐབས་ཁ་ཐུམ་རྒྱག་དགོས།  ལག་པ་གཙང་མར་བཀྲུ་བ་དང་ཆུ་ཁོལ་མང་པོ་འཐུང་དགོས། ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་ཕྱིན་རྗེས་ལག་པ་གཙང་མར་བཀྲུ་བའི་གོམས་སྲོལ་རྒྱུན་འཁྱོངས་བྱེད་དགོས།

བཞི། ཚོགས་འདུའི་སྐབས་སུ་ཇི་ལྟར་བྱ་དགོས།

ཚོགས་འདུར་འགྲོ་སྐབས་ཁ་ཐུམ་རྒྱག་པ་དང་། ལག་པར་དུག་སེལ་བྱེད་དགོས། ཚོགས་ཞུགས་མི་སྣའི་བར་དུ་མུས་གཅིག་ཡན་གྱི་བར་ཐག་བཀྱེད་དགོས། ཚོགས་འདུ་ཉུང་ འཚོགས་བྱེད་པ་དང་། གལ་ཏེ་ཚོགས་འདུའི་དུས་ཚོད་རིང་ཚེ་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་བར་བྱེད་དགོས། ཚོགས་འདུ་གྲོལ་རྗེས། ཚོགས་རར་དུག་སེལ་ལེགས་པོ་བྱེད་དགོས།

ལྔ། ཟ་ཁང་དུ་ཟ་མ་བཟའ་སྐབས་ཇི་ལྟར་བྱ་དགོས།

ཟ་ཁང་དུ་ཟ་མ་བཟའ་སྐབས་མི་ཚོགས་མང་པོ་མཉམ་དུ་མི་རུབ་པར་ལོགས་སུ་བཟའ་བ་དང་། ཟ་ཁང་གིས་ཉིན་རྒྱུན་སྣོད་ཅ་ལག་ལ་དུག་སེལ་ཐེངས་རེ་བྱས་རྗེས་བཀོལ་སྤྱོད་བྱེད་དགོས།

དྲུག ལས་ཚོགས་གྲོལ་རྗེས་ཇི་ལྟར་བྱ་དགོས།

ལས་ཚོགས་གྲོལ་སྐབས་ལག་པ་གཙང་མར་བཀྲུ་བ་དང་། ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་བརྒྱབ་ནས་འགྲོ་དགོས། ཁྱིམ་དུ་ཐོན་རྗེས། ཁ་ཐུམ་ལེན་པ་དང་ལག་པ་བཀྲུས་ནས་དུག་སེལ་བྱེད་དགོས། ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ལ75%ཆང་བཅུད་ཀྱིས་དུག་སེལ་བྱེད་དགོས། ཁྱིམ་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ། ཁྱིམ་དུ་མི་མང་པོ་མི་འཚོགས་པ་བཅས་བྱེད་དགོས།

བདུན། གཞུང་སྒྲུབ་ཡོ་བྱད་ཉོ་སྐབས་ཇི་ལྟར་བྱ་དགོས།

གཞུང་སྒྲུབ་ཡོ་བྱད་ཉོ་རུ་འགྲོ་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། མི་ཚོགས་ལ་གཡོལ་གང་ཐུབ་བྱེད་དགོས། མི་དང་མིའི་བར་ཐག་མུས་གཅིག་ཡན་བཀྱེད་དགོས་ལ། མི་མང་འདུ་སར་ཡུན་རིང་མི་འདུག་པ་བྱེད་དགོས།

བརྒྱད། ལས་ཀའི་བར་དུ་ལུས་སྦྱོང་ཇི་ལྟར་བྱ་དགོས།

གཞུང་ལས་ཁང་དུ་བྱ་བ་སྒྲུབ་སྐབས། འགུལ་སྐྱོད་འོས་འཚམ་རེ་བྱས་ནས་ལུས་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས། ཡིན་ནའང་འགུལ་སྐྱོད་ཐལ་དྲགས་ཚེ། རིམས་འགོག་ནུས་པ་དེ་ལས་ལྡོག་སྟེ་ཇེ་དམར་གཏོང་སྲིད།

དགུ། སྤྱི་པའི་གནས་སུ་ཇི་ལྟར་བྱ་དགོས།

ཉིན་རྒྱུན་ངེས་པར་དུ་སྒོ་དང་། བར་ཁྱམས། ཚོགས་ཁང་། གློག་སྐས། ཐེམ་སྐས། གསང་སྤྱོད་ཁང་སོགས་སྤྱི་པའི་གནས་ལ་དུག་སེལ་བྱ་དགོས།

བཅུ། གཞུང་དོན་དུ་འགྲོ་སྐབས་ཇི་ལྟར་བྱ་དགོས།

གཞུང་དོན་དུ་འགྲོ་སྐབས། རླངས་འཁོར་གྱི་ཕྱི་ནང་གཉིས་ཀར་དུག་སེལ་ལེགས་པོ་བྱེད་པ་དང་ཁ་ཐུམ་རྒྱག་དགོས།

བཅུ་གཅིག ལས་ཁུངས་ཀྱི་མཁོ་སྒྲུབ་མི་སྣས་ཇི་ལྟར་བྱ་དགོས།

ཞབས་ཞུ་བ་དང་། བདེ་སྲུང་མི་སྣ། གཙང་སྦྲ་བྱེད་མི་བཅས་ཀྱིས་བྱ་བ་སྒྲུབ་སྐབས་ཁ་ཐུམ་རྒྱག་དགོས་པར་མ་ཟད། ཕན་ཚུན་བར་མུས་གཅིག་ཡན་གྱི་བར་ཐག་བཀྱེད་དགོས། ཟ་ཁང་གི་ཉོ་སྒྲུབ་མི་སྣའམ་ཡང་ན་དངོས་ཟོག་མཁོ་འདོན་མི་སྣས་ངེས་པར་དུ་ཐེངས་གཅིག་རང་བཞིན་གྱི་ཁ་ཐུམ་དང་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ལག་ཤུབས་གྱོན་དགོས་ཤིང་། ལག་ཤུབས་ཕུད་རྗེས་ལག་པ་གཙང་མར་བཀྲུས་ནས་དུག་སེལ་བྱ་དགོས། གཙང་སྦྲ་བྱེད་མཁན་གྱིས་གཙང་སྦྲ་བྱེད་སྐབས། ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ལག་ཤུབས་གྱོན་པ་དང་གཙང་སྦྲ་བྱས་ཚར་རྗེས་ལག་པ་བཀྲུས་ནས་དུག་སེལ་བྱ་དགོས། བདེ་སྲུང་མི་སྣས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པར་མ་ཟད། ཕྱི་ཡོང་མི་སྣར་ཐོ་འགོད་གསལ་བོ་བྱེད་པ་དང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་ཚེ་དུས་ཐོག་ཏུ་ཡར་ཞུ་བྱ་དགོས།

བཅུ་གཉིས།  གཞུང་དོན་དུ་ཡོང་བའི་ཕྱི་ཡོང་མི་སྣར་ཇི་ལྟར་བྱ་དགོས།

གཞུང་དོན་དུ་ཡོང་བའི་ཕྱི་ཡོང་མི་སྣས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། གཞུང་སྒྲུབ་ཐོག་ཁང་དུ་ཡོང་སྐབས་ཐོག་མར་ལུས་དྲོད་ལ་ཞིབ་བཤེར་བྱ་དགོས་པར་མ་ཟད། ཧུའུ་པེ་ཞིང་ཆེན་དུ་སོང་ཡོད་མེད་དང་ཡང་ན་ས་དེའི་མི་སྣར་འབྲེལ་ཐུག་བྱས་ཡོད་མེད། དེ་མིན་ཚ་རྒྱས་པ་དང་ལུ་བ་སོགས་ཀྱི་ནད་རྟགས་ཡོད་མེད་བཅས་གསལ་བོར་བཤད་དགོས། གོང་གི་གནས་ཚུལ་དེ་དག་མེད་པར་ལུས་ཕུང་རྒྱུན་ལྡན་ཡིན་ཚེ། ད་གཟོད་ནང་དུ་འགྲོ་རུ་བཅུག་ཆོག

བཅུ་གསུམ། ཡིག་ཆ་སོགས་ལ་བལྟ་སྐབས་ཇི་ལྟར་བྱ་དགོས།

ནམ་རྒྱུན་ཡིག་ཆ་སོགས་ལ་བལྟ་སྐབས་ཁ་ཐུམ་རྒྱག་པ་དང་། བལྟས་རྗེས་ལག་པ་གཙང་མར་བཀྲུ་དགོས།

བཅུ་བཞི། ཁ་པར་ལ་དུག་སེལ་ཇི་ལྟར་བྱ་དགོས།

གཞུང་ལས་ཁང་གི་ཆེད་སྤྱོད་ཁ་པར་ལ་ཉིན་རྒྱུན75% ཆང་བཅུད་ཀྱིས་དུག་སེལ་ཐེངས་གཉིས་རེ་བྱེད་དགོས། གལ་ཏེ་སྤྱོད་ཐེངས་མང་ཚེ་དེ་ལས་མང་པོས་དུག་སེལ་བྱ་དགོས།

བཅོ་ལྔ།  བཀོལ་ཟིན་པའི་ཁ་ཐུམ་ཇི་ལྟར་ཐག་གཅོད་བྱ་དགོས།

རིམས་འགོག་གི་སྐབས་སུ། བཀོལ་ཟིན་པའི་ཁ་ཐུམ་གད་སྙིགས་འཕེན་སའི་སྣོད་དུ་འཕེན་དགོས་པ་དང་། ཉིན་རེར་གད་སྙིགས་འཕེན་སའི་སྣོད་ལ75%ཆང་བཅུད་སོགས་ཀྱི་དུག་སེལ་བྱ་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།