རང་ཞིང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་སྨན་བཅོས་མི་སྣའི་ཐོབ་ཆར་འགན་སྲུང་བྱེད་པའི་སྲིད་ཇུས་བཏོན་པ།
2020.03.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ《ཏོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་བ་གཉེར་མཁན་གྱི་ཐོབ་ཆར་འགན་སྲུང་བྱེད་པའི་འབྲེལ་ཡོད་གནད་དོན་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུས་ཡོད།)སྤེལ་བ་དང་། དེའི་དགོངས་དོན་ནི་རང་ཞིང་གི་ཏོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་ནུས་ཤུགས་ཡོད་རྒུས་རིམས་འགོག་བྱ་བ་སྤེལ་བར་སྐུལ་ལྕག་གཏོང་བའི་ཆེད་རེད།

《བརྡ་སྦྱོར》ནང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོའི་སྨན་བཅོས་མི་སྣའི་ཐོབ་ཆར་ཕྱོགས་གཉིས་ནས་འགན་སྲུང་བྱས་ཡོད་པ་སྟེ། གཅིག་ནི་རིམས་འགོག་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་སྟེར་རྒྱུ་དང་། ཁ་གསབ་སྟེར་བའི་ཁྱབ་ཁོངས་ནི་རང་ཞིང་གིས་ཧུའུ་པེ་རུ་རོགས་སྐྱོར་བྱེད་དུ་མངགས་པའི་རིམས་འགོག་སྨན་བཅོས་རུ་ཁག་གི་རུ་མི་དང་། རང་ཞིང་གི་ཏོག་གསར་གློ་ཚད་འགོག་བཅོས་ནང་ཞུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་ཁྲོད། དོགས་ཡོད་ནད་པ་དང་ནད་ངོས་བཟུང་བའི་ནད་པར་ཐད་ཀར་འབྲེལ་འདྲིས་བྱས་ཏེ། ནད་དཔྱད་དང་གསོ་བཅོས། ནད་གཡོག ནད་འགོ་བར་ཚོད་འཛིན་བྱེད་པ། ནད་དཔེ་འཚོལ་བསྡུ་དང་མགོ་ཁུངས་ལ་ཞིབ་བཤེར་ཚད་ལེན་སོགས་བྱེད་པའི་བྱ་བར་ཞུགས་མཁན་དང་། དེའི་ཁྲོད་ཀྱི་སྦགས་བཙོག་དངོས་པོ་གནོད་མེད་ཐག་གཅོད་བྱེད་མཁན་གྱི་ལས་བྱེད་མི་སྣ། རིམ་པ་སོ་སོའི་སྨན་ཁང་སོ་སོའི་ཚ་བརྟག་སྒོ་བསྟེན་ཁང་གི་ལས་རེས་མི་སྣ་དང་། རིམས་འགོག་དང་འཕྲོད་བསྟེན་ལྟ་སྐུལ་སྡེ་ཁག་གི་རིམས་འགོག་ནང་ཞུགས་པའི་བརྟག་དཔྱད་ཐག་གཅོད་བྱེད་མཁན་བཅས་ཡིན།གཉིས་ནི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་ཕྱོད་གླ་ཕོགས་འོས་འཚམ་གྱིས་ཇེ་མཐོར་གཏོང་རྒྱུ། རིམས་ནད་བྱུང་རྗེས། རིམ་པ་སོ་སོའི་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོགས་དོན་ལས་སྡེ་ཁག་གི་ལས་ཀ་ཇེ་ལྗིད་དུ་སོང་བའི་དོན་དངོས་གནས་ཚུལ་ལ་དམིགས་ནས།གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་ལས་ཕྱོད་གླ་ཕོགས་སྟེང་སྟེར་ཐེངས་གཅིག་གིས་ལས་ཕྱོད་གླ་ཕོགས་ཀྱི་སྤྱི་གྲངས་ཇེ་མང་དུ་བཏང་ཆོག་ལ། གཙོ་བོ་རིམས་འགོག་སྐབས་སུ་སྨན་བཅོས་མི་སྣས་ལས་ཀ་མང་པོ་ལས་པའི་སྟེང་དུ་བཀོལ་དགོས་པས། ལས་ཡུན་ཁ་སྣོན་བྱེད་མཁན་དང་ནང་སྒོས་སུ་བྱས་རྗེས་འབུར་ཐོན་བཞག་པའི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་གཙོ་བོར་བཟུང་ནས་སྟེར་དགོས།

《བརྡ་སྦྱོར》ནང་། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ནོར་སྲིད་དང་འཕྲོད་བསྟེན་བདེ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མཉམ་འབྲེལ་དམ་པོ་བྱས་ཏེ། འགན་འཁྲི་ཁུར་དུ་ལེན་པའི་རྣམ་འགྱུར་དང་དངོས་གཉེར་གནད་ཁེལ་གྱི་བྱེད་ཐབས་ལ་བརྟེན་ནས། རིམས་འགོག་སྨན་བཅོས་མི་སྣའི་ཐོབ་ཆར་འགན་སྲུང་བྱེད་པའི་བྱ་བ་དངོས་གནས་ལེགས་པར་བསྒྲུབས་ཏེ། རིམས་འགོག་འཐབ་འཁྲུག་ལ་རྒྱལ་ཁ་ལོན་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།