སློབ་གྲྭ་སོ་སོས་ཏོག་གསར་གློ་ཚད་ཀྱི་འགོག་སྲུང་བྱ་བ་ཇི་ལྟར་བཟང་པོར་བསྒྲུབ་དགོས།
2020.03.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 58

སློབ་གྲྭར་ལོག་པའི་ལམ་བར་གྱི་མཉམ་འཇོག་བྱ་ཡུལ།

སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་སྐབས། ལམ་བར་ཧྲིལ་བོར་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་མམN95ཁ་ཐུམ་རྒྱག་དགོས་ཤིང་རླངས་འཁོར་ནང་དུ་ལག་པས་གང་སར་རེག་ཐུག་བྱེད་མི་རུང་། ལམ་བར་དུ་རང་ཉིད་ཀྱི་བདེ་འཇགས་དང་བདེ་ཐང་ཕྱོགས་ལ་མཉམ་འཇོག་གང་ལེགས་བྱས་ནས། ལུས་ཕུང་ལ་ཚ་རྒྱས་ཀྱིན་ཡོད་མེད་དང་ཉེ་འཁོར་གྱི་མི་ལ་དོག་ཟོན་བྱས་ནས། གློ་ལུ་བ་སོགས་དོགས་ཡོད་མི་སྣ་དང་རིང་དུ་བཀྱེད་པ། གལ་ཏེ་ལམ་བར་དུ་རང་ཉིད་ལ་མི་བདེ་བའི་ཚོར་བ་སོགས་ནད་རྟགས་འདྲ་མིན་བྱུང་ཚེ། རང་འགུལ་སྒོས་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་མམN95ཁ་ཐུམ་བརྒྱབ་ནས་གང་ནུས་ཀྱིས་མི་གཞན་དང་འབྲེལ་ཐུག་མི་བྱེད་པར་མ་ཟད། ནད་བབ་ལ་བལྟས་ནས་དུས་ཐོག་ཏུ་སྨན་ཁང་དུ་འགྲོ་དགོས། གལ་ཏེ་འགྲུལ་སྐྱོད་ལམ་ཁར་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་བྱུང་ཚེ། རང་འགུལ་སྒོས་སྨན་པར་རང་ཉིད་ཀྱི་གནས་ཚུལ་རྣམས་མ་གསང་མ་སྦས་བར་དྲང་མོར་བཤད་ནས་སྨན་པའི་འབྲེལ་ཡོད་ཀྱི་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས། དེ་མིན་འགྲུལ་བསྐྱལ་རླངས་འཁོར་སོགས་ཀྱི་འཛིན་བྱང་ཉར་ཚགས་ལེགས་པོ་བྱས་ནས་འབྲེལ་ཡོད་མི་སྣ་དང་འབྲེལ་ཐུག་ཟབ་མོ་བྱས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་པར་མཁོ་འདོན་བྱེད་དགོས།  ཞིང་ཆེན་གཞན་དུ་སོང་བའི་དགེ་རྒན་དང་ལས་བཟོ་བ། སློབ་མ་བཅས་ཚང་མ་ཕྱིར་ལོག་རྗེས། རང་ཁྱིམ་མམ་རང་གནས་སུ་ཉིན་བཅུ་བཞིར་ལོགས་སུ་བཀར་རྗེས། ལུས་པོར་རྒྱུན་ལྡན་མིན་པའི་གནས་ཚུལ་འདྲ་མེད་ཚེ་ད་གཟོད་སློབ་གྲྭར་ལོག་ཆོག

སློབ་མ་རྣམས་ཕྱིར་སློབ་གྲྭར་ལོག་རྗེས། ཉིན་རྒྱུན་ཚ་གྲང་དང་བདེ་ཐང་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས། གང་ནུས་ཀྱིས་སྒོ་ཕྱིར་མི་འགྲོ་བ་དང་གཞན་དང་འབྲེལ་འདྲིས་མི་བྱེད་པ་བཅས་བྱེད་དགོས། དགེ་སློབ་ཕན་ཚུན་བར་འབྲེལ་འདྲིས་བྱེད་སྐབས་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་མམ N95ཁ་ཐུམ་རྒྱག་དགོས་ཤིང་།  འབྲེལ་འདྲིས་བྱེད་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས།

སློབ་གྲྭས་ཉིན་རྒྱུན་སློབ་མའི་ཚ་གྲང་ལ་བརྟག་དཔྱད་ཐེངས་གཉིས་རེ་བྱེད་དགོས་ཤིང་། གལ་ཏེ་སློབ་མའི་ཁྲོད་དུ་དོགས་ཡོད་ནད་རྟགས་འདྲ་བྱུང་ཚེ། མྱུར་དུ་རིམས་འགོག་དོ་དམ་མི་སྣར་ཡར་ཞུ་བྱེད་པ་དང་། སྨན་བཅོས་མི་སྣས་འབྲེལ་ཐུག་ཟབ་པའི་མི་ལ་བདག་གཉེར་དང་དུག་སེལ་བྱེད་པ་སོགས་ཀྱི་བྱ་བར་གཞོགས་འདེགས་བྱེད་དགོས། སློབ་གྲྭས་ཐུན་མོང་གི་བྱ་འགུལ་རྒྱ་ཆེན་པོ་མི་སྤེལ་བ་དང་། སློབ་ཁང་དང་ཉལ་ཁང་། དཔེ་མཛོད་ཁང་། ཟ་ཁང་། སྤྱོད་ཁང་། ཚོགས་འདུ་ཁང་། དགེ་རྒན་གྱི་གཞུང་སྒྲུབ་ཁང་སོགས་ཀྱི་གཙང་སྦྲར་དོ་སྣང་གང་ལེགས་བྱས་ནས་རྒྱུན་པར་ཁང་བའི་ནང་གི་མཁའ་དབུགས་གསར་བརྗེ་དང་། ལག་པ་བཀྲུ་བྱེད་ཀྱི་འདག་ཆུ་དང་དུག་སེལ་སྨན་རྫས་སོགས་སྒྲིག་སྦྱོར་བྱེད་དགོས།

གཅིག སློབ་མ་རྣམས་སློབ་གྲྭའི་སྒོ་ཕྱི་ནང་དུ་འགྲོ་སྐབས་ཀྱི་གཟབ་བྱའི་སྐོར།

1.སློབ་གྲྭར་འགྲོ་སྐབས་ཇི་ལྟར་བྱ་དགོས།

སློབ་མས་ལག་པ་གཙང་མར་བཀྲུས་རྗེས་སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་རྒྱག་པ་དང་། རབ་ཡིན་ན་སྤྱི་སྤྱོད་རླངས་འཁོར་སོགས་སུ་མི་འདུག་པར་རྐང་ཐང་དུ་འགྲོ་བ་དང་། ལྕགས་རྟར་ཞོན་པའམ་དུག་སེལ་བྱས་ཟིན་པའི་ཁྱིམ་སྤྱོད་རླངས་འཁོར་དུ་བུད་ན་བཟང་། གལ་ཏེ་སྤྱི་སྤྱོད་རླངས་འཁོར་མ་གཏོགས་འགྲིམ་འགྲུལ་ཡོ་བྱད་གཞན་པ་མེད་ཚེ། ངེས་པར་དུ་ཁ་ཐུམ་རྒྱག་དགོས་ཤིང་སྤྱི་སྤྱོད་རླངས་འཁོར་ནང་དུ་ལག་པས་གང་སར་རེག་ཐུག་བྱེད་མི་རུང་།

2.སློབ་གྲྭ་གྲོལ་རྗེས་ཇི་ལྟར་བྱ་དགོས།

སློབ་གྲྭ་གྲོལ་རྗེས་སློབ་མ་རྣམས་ཕྱི་རོལ་དུ་མི་འདུག་པ་དང་། སྲོག་ཆགས་ལ་ཐུག་རེག་མི་བྱེད་པར་མྱུར་དུ་ཁྱིམ་ལ་ལོག་ནས་ཁ་ཐུམ་བླངས་རྗེས། ལག་པ་གཙང་མར་བཀྲུས་ནས་དུག་སེལ་བྱེད་དགོས།

3.སློབ་གྲྭར་ཐོན་རྗེས་ཇི་ལྟར་བྱ་དགོས།

སློབ་མ་རྣམས་སློབ་གྲྭའི་སྒོ་ཁར་ཐོན་རྗེས་རང་འགུལ་སྒོས་ཚ་གྲང་ལ་བལྟ་རུ་འཇུག་དགོས། ཚ་གྲང་རྒྱུན་ལྡན་ཡིན་ཚེ་སློབ་གྲྭའི་ནང་དུ་སོང་ཆོག་ལ། གལ་ཏེ་ཚ་གྲང་ཏུའུ་གྲངས 37.2Cཡན་ལ་བུད་ཚེ། ཕྱིར་ཡུལ་དུ་ལོག་ནས་ངལ་གསོ་ཞོར་དུ་རང་ཉིད་ལ་ལྟ་ཞིབ་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

4.  ཁྱིམ་བདག་སློབ་གྲྭར་ཡོང་ན་ཇི་ལྟར་བྱ་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ། སློབ་གྲྭས་ཕྱོགས་ཡོང་མི་སྣ་སློབ་གྲྭའི་ནང་ཡོང་བར་དོ་དམ་ནན་མོ་བྱས་ཏེ། འབྲེལ་བ་མེད་པའི་ཕྱི་ཡོང་མི་སྣ་སློབ་གྲྭའི་ནང་ཡོང་མི་ཆོག་པ་དང་། གལ་ཏེ་སློབ་མའི་ཁྱིམ་བདག་ཐོན་ཚེ། དགེ་རྒན་དང་ཁྱིམ་བདག་ཕྱོགས་གཉིས་ཀས་ཁ་ཐུམ་རྒྱག་དགོས་པ་དང་། སློབ་གྲྭས་གཏན་འཁེལ་བྱས་པའི་སྣེ་ལེན་ཁང་དུ་སྣེ་ལེན་བྱེད་དགོས། སྣེ་ལེན་བྱས་རྗེས་དུག་སེལ་བྱེད་པ་དང་། ཡང་ན་དགེ་རྒན་དང་ཁྱིམ་བདག་གཉིས་སློབ་གྲྭའི་སྒོའི་ཕྱི་རོལ་དུ་ཐུག་འཕྲད་བྱེད་པ་བཅས་བྱེད་དགོས།

གཉིས། སློབ་མས་རང་ཉིད་ལ་འགོག་སྲུང་བྱ་ཐབས་སྐོར།

1.ཡང་དག་པའི་ལག་པ་བཀྲུ་ཐབས།

བཞུར་ཆུའི་འོག་ཏུ་ལག་པ་བཀྲུ་བ། འདག་རྫས་སམ་འདག་ཆུ་བཀོལ་ནས་ལག་པ་གཙང་མར་བཀྲུས་རྗེས་སྤྱོད་ཐེངས་གཅིག་ཅན་གྱི་ཤོག་བུའམ་ལག་ཕྱིས་གཙང་མས་ལག་པ་ཕྱིས་དགོས། ལག་པ་བཀྲུ་ཐབས་ལ་གོ་རིམ་བདུན་ཙམ་ཡོད་དེ།

གོ་རིམ་དང་པོ། མཛུ་གུ་མཉམ་གཤིབ་བྱས་ནས་ལག་མཐིལ་ཕན་ཚུན་གཏད་དེ་ཕུར་ཕུར་བྱེད་པ།

གོ་རིམ་གཉིས་པ། ལག་ངོས་ཀྱིས་ལག་ཕྱི་དང་མཛུབ་བར་བཅས་ལ། མཛུ་གུ་ཕན་ཚུན་བསྣོལ་ནས་ཕུར་ཕུར་བྱེད་པ།

གོ་རིམ་གསུམ་པ། ལག་མཐིལ་ཕན་ཚུན་ཁ་གཏད་དུ་མཛུ་གུ་ཕན་ཚུན་བསྣོལ་ནས་ཕུར་ཕུར་བྱེད་པ།

གོ་རིམ་བཞི་བ། མཛུ་གུ་རྣམས་བཀུག་ནས་མཛུབ་ཚིགས་ལག་མཐིལ་གཞན་པའི་ངོས་སུ་ཕན་ཚུན་རེས་བསྐོར་ནས་ཕུར་ཕུར་བྱེད་པ།

གོ་རིམ་ལྔ་བ། ལག་པ་གཡས་པས་གཡོན་པ་དང་ཡང་ན་གཡོན་པས་གཡས་པའི་མཐེབ་ཆེན་བཙིར་ནས་སྐོར་ཕུར་བྱེད་པ།

གོ་རིམ་དྲུག་པ། ལག་པ་གཡས་གཡོན་གྱི་མཛུ་གུ་ལྔ་བོ་མཉམ་གཅིག་ཏུ་བསྡུས་ནས། ལག་མཐིལ་གཡས་གཡོན་དུ་རེས་བསྐོར་ནས་ཕུར་ཕུར་བྱེད་པ།

གོ་རིམ་བདུན་པ། ལག་གཡས་པས་གཡོན་པ་དང་གཡོན་པས་གཡས་པའི་མཁྲིག་མ་ནས་བསྡམ་སྟེ་ཕུར་ཕུར་བྱེད་པ།

2.གནས་ཚུལ་ཇི་ལྟ་བུའི་འོག་ཏུ་ལག་པ་བཀྲུ་དགོས།

དངོས་ཟོག་བརྒྱུད་སྤྲོད་བྱས་པའི་སྔོན་རྗེས་དང་། གློ་ལུ་བ་དང་སྣ་སྦྲིད་བརྒྱབ་རྗེས། ཟ་མ་མ་ཟོས་པའི་སྔོན། སློབ་གསེང་སྐབས་ཀྱི་འོ་མ་འཐུང་སྐབས། སིལ་ཏོག་དང་མངར་སོབ་བག་ལེབ་སོགས་ཟ་བའི་སྔ་རྗེས། གསང་སྤྱོད་དུ་བུད་རྗེས། ལག་པ་མི་གཙང་བའི་སྐབས། ལུས་རྩལ་སྦྱོང་བརྡར་བྱས་རྗེས། མི་གཞན་དང་འབྲེལ་འདྲིས་བྱས་རྗེས། ཕྱི་རོལ་དུ་སོང་ནས་ཕྱིར་ལོག་རྗེས་བཅས་སུ་ལག་པ་གཙང་མར་བཀྲུ་དགོས།

3. ལག་པ་བཀྲུ་ས་མེད་པའི་གནས་ཚུལ་འོག་ཏུ་ཇི་ལྟར་བྱ་དགོས།

ལག་པ་བཀྲུ་ས་མེད་པའི་གནས་ཚུལ་འོག་ཏུ་གར་ཚད 75%ཅན་གྱི་སྨན་སྤྱོད་ཆང་བཅུད་ཀྱིས་ལག་པ་གཙང་མར་བཀྲུས་ནས་དུག་སེལ་བྱས་ཆོག

4.མི་སྒེར་གྱི་གཙང་སྦྲར་ཇི་ལྟར་དོ་སྣང་བྱེད་དགོས།

གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས། དུག་སེལ་བྱས་ཟིན་པའི་ཤོག་བུ་དང་ལག་ཕྱིས་ཀྱིས་ཁ་སྣ་བཏུམ་དགོས་ལ། གལ་ཏེ་ཤོག་བུ་དང་ལག་ཕྱིས་མེད་ཚེ། དཔུང་པའི་ནང་ངོས་ཀྱིས་ཁ་སྣ་འགེབ་དགོས། གློ་ལུ་བ་དང་སྣ་སྦྲིད་བརྒྱབ་རྗེས་མྱུར་དུ་ལག་པ་བཀྲུ་དགོས། དེ་མིན་ལག་པ་མ་བཀྲུས་པར་ཐད་ཀར་མིག་དང་ཁ་སྣར་རེག་ཐུག་བྱེད་མི་རུང་།

5.ཁ་ཐུམ་ཇི་ལྟར་གདམ་དགོས།

སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་བཀོལ་ནས་དུས་ཚོད་བཞིའི་ཡན་འགོར་ཚེ་བརྗེ་གསོར་བྱེད་དགོས། ཁ་ཐུམ་རློན་པར་བྱས་པའམ་སྦགས་བཙོག་ཐེབས་རྗེས་དེ་མ་ཐག་བརྗེ་གསོར་བྱེད་དགོས། N95སྨན་སྤྱོད་འགོག་སྲུང་ཁ་ཐུམ་དེར་སྦགས་བཙོག་དང་རལ་སྐྱོན་སོགས་ཐེབས་མེད་ཚེ། དུས་ཚོད་ཉེར་བཞི་ནས་ཞེ་བརྒྱད་རིང་ལ་བཀོལ་སྤྱོད་བྱས་ཆོག སྦགས་བཙོག་དང་རལ་སྐྱོན་ཐེབས་པའམ་ཡང་ན་རློན་པར་བཏང་རྗེས་དེ་མ་ཐག་བརྗེ་གསོར་བྱེད་དགོས། རས་ལས་བཟོས་པའི་ཁ་ཐུམ་དང་འགྱིག་སོབ་ལས་བཟོས་པའི་ཁ་ཐུམ་སོགས་བཀོལ་སྤྱོད་མ་བྱས་ན་བཟང་།

6. ཁ་ཐུམ་ཇི་ལྟར་ཡང་དག་པར་བཀོལ་སྤྱོད་བྱ་དགོས།

1.སྨན་སྤྱོད་ཁ་ཐུམ་གྱི་མདོག་ལྗིད་པའི་ཕྱོགས་ཕྱི་ལ་བསྐོར་བ། ཡང་ན་ལྟེབ་ཁ་མར་བསྐོར་བ། སྣ་བཙུར་གྱི་གཞོགས་ཡར་གཏོད་པ།

2. གོང་འོག་གཉིས་ནས་འཐེན་ཏེ་ལྟེབ་ཁ་གྲོལ་ཅིང་། ཁ་སྣ་མ་ནེ་བཅས་ལ་ཁེབས་སུ་འཇུག་པ།

3.ལག་ཟུང་གིས་མཛུ་གུས་སྣ་གདོང་དུ་ཁེལ་བའི་ཁ་ཐུམ་སྟེང་གི་ལྕགས་སྐུད་དེ། སྣའི་དཀྱིལ་ནས་གཞོགས་གཉིས་སུ་དལ་གྱིས་མར་མནན་ནས་སྣ་གདོང་དུ་དམ་པོར་སྦྱོར་དགོས།

4.ལེགས་སྒྲིག་འོས་འཚམ་སྒོས་ཁ་ཐུམ་གྱི་མཐའ་བཞི་གདོང་ཤ་དང་སྲུབས་མེད་དུ་གཏང་དགོས། རེ་བ་ཡིན་ན་དུས་ཚོད་གཉིས་ནས་བཞི་རེའི་བར་ནས་ཁ་ཐུམ་ཐེངས་རེར་བརྗེ་དགོས། དཔེར་ན། ཁ་ཐུམ་རློན་པར་བཏང་བའམ། ཡང་ན་ཁ་ལུད་སོགས་ཀྱིས་སྦགས་ན་མྱུར་དུ་བརྗེ་དགོས།

གསུམ། སློབ་མའི་འགུལ་སྐྱོད་ཀྱི་སྐོར།

1.བདེ་ཐང་དྲིལ་སྒྲོག་སློབ་གསོ་ཇི་ལྟར་སྤེལ་དགོས།

སློབ་གྲྭས་སྐད་འཕྲིན་སྟེགས་བུ་དང་རླུང་བརྙན་འཕྲིན་སོགས་སྤྱི་སྟེགས་བརྒྱུད་པ་དང་།  འཛིན་གྲྭ་སོ་སོའི་ཞོགས་སྦྱོང་གི་སྐབས་དང་འཛིན་གྲྭའི་ཚོགས་འདུའི་སྐབས། ཡང་ན་ལུས་སྦྱོང་དང་བདེ་ཐང་སློབ་ཁྲིད་སོགས་ཀྱི་སྐབས་སུ། བདེ་ཐང་དྲིལ་སྒྲོག་སློབ་གསོའི་བྱེད་ཐབས་སྣ་ཚོགས་སྤྱད་ནས། དབུགས་ལམ་གྱི་འགོ་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།

2.བྱ་འགུལ་ཆེན་པོ་ཇི་ལྟར་སྤེལ་དགོས།

སློབ་གྲྭས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐབས་སུ། སློབ་རའི་ནང་ཁུལ་དུ་སློབ་མའི་བྱ་འགུལ་ཆེན་པོ་སྤེལ་མི་སྲིད།

3.ལུས་རྩལ་སྦྱོང་བརྡར་ཇི་ལྟར་སྤེལ་དགོས།

སློབ་གྲྭས་རིམས་ནད་འགོག་སྲུང་གི་སྐབས་སུ། སློབ་རའི་ནང་ཁུལ་དུ་སློབ་མའི་ལུས་རྩལ་བྱ་འགུལ་ཆེན་པོའི་རིགས་སྤེལ་མི་སྲིད། འཛིན་གྲྭའི་ནང་ཁུལ་དུ་ལུས་སྦྱོང་འོས་འཚམ་རེ་སྤེལ་བ་མ་གཏོགས། འཛིན་གྲྭ་གཞན་པའི་སློབ་མ་དང་ལོ་རིམ་མི་གཅིག་པའི་སློབ་མའི་བར་འབྲེལ་ཐུག་བྱེད་མི་རུང་།

4.སློབ་གསེང་གི་བྱ་འགུལ་ཇི་ལྟར་སྤེལ་དགོས།

སློབ་གསེང་གི་བྱ་འགུལ་ནི་མཁའ་དབུགས་ལེགས་པའི་ཕྱི་རོལ་དུ་སྤེལ་ཆོག་ལ།  སློབ་ཁང་གི་ཉེ་སར་སྤེལ་བ་ལས་སློབ་ཁང་དང་རིང་དུ་བཀྱེད་ནས། སློབ་རིམ་དང་འཛིན་གྲྭ་གཞན་པའི་སློབ་མ་དང་མཉམ་དུ་བྱ་འགུལ་སྤེལ་མི་རུང་།  འགུལ་སྐྱོད་འོས་འཚམ་བྱེད་པ་ལས་ཐལ་དྲགས་མི་རུང་ཞིང་། འགུལ་སྐྱོད་བྱེད་ཐབས་ཀྱང་སྟབས་བདེ་སྤྱོད་བདེ་ཡིན་དགོས།

བཞི། དགེ་རྒན་དང་ལས་བཟོ་བའི་གཞུང་སྒྲུབ་ཁོར་ཡུག་གི་སྐོར།

1.གཞུང་སྒྲུབ་ཁང་གི་འཕྲོད་བསྟེན་བདེ་སྲུང་ཇི་ལྟར་སྤེལ་དགོས།

དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སྨན་སྤྱོད་ཁ་ཐུམ་རྒྱག་དགོས།

གཞུང་སྒྲུབ་ཁང་གི་ཁོར་ཡུག་གཙང་སྦྲར་དོ་སྣང་བྱས་ནས། ཉིན་རྒྱུན་མཁའ་དབུགས་གསར་བ་ཐེངས་གསུམ་ཡན་རྒྱུ་རུ་འཇུག་དགོས་ཤིང་། ཐེངས་རེར་དུས་ཡུན་སྐར་མ་ཉི་ཤུ་ནས་སུམ་ཅུ་ཙམ་ལ་ཁང་བའི་སྒེའུ་ཁུང་ཕྱེས་དགོས། དགུན་དུས་སུ། ཉིན་རྒྱུན་ཁང་བའི་ནང་དུ་རླུང་རྒྱུ་བའི་དུས་ཚོད་སྐར་མ་བདུན་ཅུ་ལས་ཉུང་མི་རུང་། སྒེའུ་ཁུང་ཕྱེས་ཡོད་པའི་དུས་སུ་ལུས་ཕུང་འཁྱག་ཏུ་འཇུག་མི་རུང་། དགུན་ཁ་ལས་གཞན་པའི་དུས་ཚིགས་སུ་ཉིན་གང་བོར་སྒེའུ་ཁུང་ཕྱེས་ནས་ནང་དུ་རླུང་རྒྱུ་རུ་འཇུག་དགོས། མི་དང་མིའི་བར་དུ་མུས་གཅིག་ཡན་གྱི་བར་ཐག་བཀྱེད་དགོས་ཤིང་། མི་མང་པོས་མཉམ་དུ་བྱ་བ་སྒྲུབ་སྐབས་ཁ་ཐུམ་རྒྱག་པ་དང་། དགེ་རྒན་མང་པོ་མཉམ་དུ་འདུས་པའི་ཚོགས་འདུ་འཚོགས་མི་རུང་།

2.ལུས་ཕུང་མི་བདེ་བའི་སྐབས་སུ་ཇི་ལྟར་བྱ་དགོས།

ཚ་རྒྱས་པ་དང་གློ་ལུ་བ་སོགས་གློ་ཆམ་གྱི་རྟགས་བྱུང་བའི་སྐབས་སུ། ཁ་ཐུམ་རྒྱག་པ་དང་དུས་ཐོག་ཏུ་སྨན་པར་སྟོན་དུ་འགྲོ་དགོས་པ་ལས། ལས་ཚོགས་སུ་འགྲོ་མི་རུང་།

3. ལས་བྱར་བལྟ་བ་དང་འབྲི་དེབ་སོགས་སྟེར་སྐབས་ཇི་ལྟར་བྱ་དགོས།

སློབ་མའི་ལས་བྱར་བལྟ་བ་དང་། སློབ་མའི་འབྲི་དེབ་དང་སློབ་སྦྱོང་གི་མཁོ་ཆས་སོགས་མ་བྱིན་སྔོན་དང་བྱིན་རྗེས་ལག་པ་བཀྲུ་དགོས། ལས་བྱར་བལྟ་བ་དང་འབྲི་དེབ་སོགས་སྟེར་སྐབས་དགེ་རྒན་གྱིས་ངེས་པར་དུ་ཁ་ཐུམ་རྒྱག་དགོས།

4.གཞུང་སྒྲུབ་ཁང་གི་ཆེད་སྤྱོད་ཁ་པར་ལ་དུག་སེལ་ཇི་ལྟར་བྱ་དགོས།

གཞུང་སྒྲུབ་ཁང་གི་ཆེད་སྤྱོད་ཁ་པར་ལ་ཉིན་རྒྱུན 75%ཆང་བཅུད་ཀྱིས་དུག་སེལ་ཐེངས་གཉིས་རེ་བྱེད་དགོས། གལ་ཏེ་མི་མང་པོས་ཁ་པར་སྤྱོད་ཐེངས་མང་ཚེ། ཁ་པར་བརྒྱབ་ཐེངས་རེ་རེར་མྱུར་དུ་གཙང་མར་ཕྱིས་དགོས།

5.དགེ་རྒན་གྱི་སློབ་ཁྲིད་སྐབས་སུ་ཇི་ལྟར་བྱ་དགོས།

དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས། སློབ་མ་དང་བར་ཐག་ཅུང་བཀྱེད་དགོས་ཤིང་སྒྲ་བསྐྱེད་འཕྲུལ་ཆས་སོགས་ཉེར་མཁོའི་ཡོ་བྱད་བཀོལ་ཆོག སློབ་ཁྲིད་ཀྱི་སྔ་གཞུག་ཏུ75%སྨན་སྤྱོད་ཆང་བཅུད་ཀྱིས་ལག་པ་གཙང་མར་ཕྱིས་དགོས།

6.བདེ་སྲུང་མི་སྣས་ཇི་ལྟར་བྱ་དགོས།

བདེ་སྲུང་མི་སྣས་བྱ་བ་སྒྲུབ་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པར་མ་ཟད། དགེ་སློབ་དང་བདེ་འཇགས་ཡིན་པའི་བར་ཐག་བཀྱེད་དགོས། ཕྱི་ཡོང་མི་སྣའི་གནས་ཚུལ་ཞིབ་མོར་འདྲི་བ་དང་། རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་ཚེ་དུས་ཐོག་ཏུ་ཡར་ཞུ་བྱ་དགོས།

7.གཙང་སྦྲ་བྱེད་མཁན་གྱིས་ཇི་ལྟར་བྱ་དགོས།

གཙང་སྦྲ་བྱེད་མཁན་གྱིས་གཙང་སྦྲ་བྱེད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པར་མ་ཟད། སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་བཟོས་ལག་ཤུབས་གྱོན་དགོས། དེ་མིན་ད་དུང་དགེ་སློབ་དང་བདེ་འཇགས་ཡིན་པའི་བར་ཐག་ཅིག་བཀྱེད་དགོས། གཙང་སྦྲ་བྱས་ཚར་རྗེས་ལག་པ་བཀྲུས་ནས་དུག་སེལ་བྱ་དགོས།

8.ཟ་ཁང་གི་ཇ་མ་དང་ལས་སྒྲུབ་མི་སྣས་ཇི་ལྟར་བྱ་དགོས།

ཟ་ཁང་གི་ཉོ་སྒྲུབ་མི་སྣའམ་དངོས་ཟོག་མཁོ་འདོན་མི་སྣས་ངེས་པར་དུ་སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་དང་སྤྱོད་ཐེངས་གཅིག་ཅན་གྱི་ཞྭ་མོ་དང་འགྱིག་བཟོས་ལག་ཤུབས་གྱོན་དགོས་ཤིང་། ལག་ཤུབས་ཕུད་རྗེས་ལག་པ་བཀྲུས་ནས་དུག་སེལ་བྱེད་དགོས།

ལྔ། སློབ་གྲྭའི་འགོག་སྲུང་གི་སྐོར།

1.སློབ་གྲྭས་ཆ་འཕྲིན་ཇི་ལྟར་ཞིབ་བཤེར་བྱ་དགོས།

འཛིན་གྲྭ་རེ་སྡེ་ཚན་བྱས་ཏེ། སྔ་མོ་དང་ཉིན་གུང་གི་དུས་སུ་ཞིབ་བཤེར་བྱེད་པའི་ལམ་ལུགས་བཙུགས་ནས། མི་ཞིག་གིས་ཆེད་དུ་སྔ་མོ་དང་ཉིན་གུང་ཞིབ་བཤེར་བྱས་པའི་རྒྱུ་ཆ་རྣམས་སྤྱི་བསྡོམས་བྱས་ཏེ། ན་བ་བྱུང་ནས་སློབ་ཁྲིད་ལ་ཡོང་མ་ཐུབ་པ་རྣམས་ཐོ་འགོད་བྱེད་པ་དང་། རྗེས་འདེད་ལམ་ལུགས་དོན་འཁྱོལ་བྱེད་དགོས། སློབ་གྲྭས་སློབ་གྲྭ་དང་ཁ་བྲལ་བའི་སློབ་མའི་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་མི་ཆེད་དུ་གཏན་འཁེལ་བྱས་ནས། སློབ་གྲྭ་དང་ཁ་བྲལ་བའི་སློབ་མའི་ཉིན་རྒྱུན་གྱི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་རིམས་ནད་འགོག་སྲུང་གི་བྱ་བ་ལེགས་པོར་སྒྲུབ་དགོས།

2.སྤྱི་པའི་ཁོར་ཡུག་གི་གཙང་སྦྲར་ཇི་ལྟར་འགན་སྲུང་བྱ་དགོས།

ཉིན་རེ་བཞིན་སློབ་གྲྭའི་བར་ཁྱམས་དང་ཐེམ་སྐས་ཀྱི་ལག་སྐྱོར། གྲོས་ཚོགས་ཁང་། གློག་སྐས་དང་སྤྱོད་ཁང་སོགས་སྤྱི་པའི་གནས་སུ་དུག་སེལ་བྱེད་དགོས། སློབ་མ་སློབ་གྲྭར་ཡོད་པའི་སྐབས་སུ། ཉིན་རྒྱུན་སྤྱོད་ཁང་ལ་ཐེངས་མང་པོར་དུག་སེལ་བྱེད་དགོས། དེ་མིན་གནས་སོ་སོའི་གཙང་སྦྲའི་ཡོ་བྱད་རྣམས་སོ་སོར་བགར་ནས་འཇོག་པ་ལས་མཉམ་སྤྱོད་བྱེད་མི་རུང་།

3.ཆེད་སྤྱོད་སློབ་ཁང་གི་གཙང་སྦྲར་ཇི་ལྟར་འགན་སྲུང་བྱ་དགོས།

སློབ་གྲྭ་ཆུང་འབྲིང་གི་ཆེད་སྤྱོད་སློབ་ཁང་སྟེ། རོལ་མོ་ཁང་དང་ཞབས་བྲོ་ཁང་། གློག་ཀླད་ཁང་། ལུས་སྦྱོང་ཁང་སོགས་སུ་སློབ་མ་སྐོར་ཐེངས་རེས་བཀོལ་སྤྱོད་བྱས་རྗེས་ངེས་པར་དུ་དུག་སེལ་བྱེད་དགོས།

4.ཟ་ཁང་གི་གཙང་སྦྲའི་དོ་དམ་ཇི་ལྟར་འགན་སྲུང་བྱ་དགོས།

སློབ་མས་ཟ་མ་བཟའ་སྐབས་ཁག་བགོས་ནས་བཟའ་བ་ལས། མི་མང་པོ་མཉམ་དུ་འདུས་ནས་བཟའ་མི་རུང་། ཟ་ཁང་ནང་ཉིན་རེར་དུག་སེལ་ཐེངས་རེ་བྱེད་དགོས་པ་དང་། སྣོད་ཀ་ཅ་དག་མི་རེས་ཐེངས་རེར་བཀོལ་སྤྱོད་བྱས་རྗེས་དུག་སེལ་བྱེད་པ་དང་། རབ་ཡིན་ན་འཐུང་སྣོད་སློབ་མ་རང་གིས་བཟུང་ན་འགྲིག ཅོག་ཙེ་དང་འདུག་སྟེགས་བཀོལ་སྤྱོད་བྱས་རྗེས་དུག་སེལ་བྱེད་དགོས་པ་དང་། འཐུང་སྣོད་ལ་དྲོད་ཚད་མཐོན་པོས་དུག་སེལ་བྱེད་དགོས། ཟ་མ་གཡོས་སྦྱོར་ཁང་གི་ཁོར་ཡུག་གཙང་མ་དང་སྐམ་པོ་ཡིན་དགོས། ཟས་རིགས་རློན་པ་དང་བཙོས་མ་གཉིས་མཉམ་བསྲེས་བྱེད་མི་རུང་།

5.སྨན་སྤྱོད་ལག་ཆ་ཇི་ལྟར་གྲ་སྒྲིག་བྱ་དགོས།

སློབ་གྲྭའི་སྨན་ཁང་ངམ་ལུས་ཁམས་བདེ་སྲུང་ཁང་གིས་སྨན་སྤྱོད་ཁ་ཐུམ་དང་། སྤྱོད་ཐེངས་གཅིག་ཅན་གྱི་ལག་ཤུབས་དང་། ལག་པ་བཀྲུ་བྱེད་ཀྱི་འདག་ཆུ། ཚ་གྲང་བརྟག་ཆས་སོགས་སྒྲིག་ཆས་གྲ་སྒྲིག་བྱེད་དགོས་པ་དང་། དུག་སེལ་སྨན་རྫས་དང་ཡོ་ཆས་འདང་ངེས་ཤིག་གྲ་སྒྲིག་བྱེད་དགོས།

6.དོགས་ཡོད་ནད་པ་བྱུང་ཚེ་ཇི་ལྟར་བྱ་དགོས།

ཚ་རྒྱས་པ་དང་ལུས་ཤུགས་ཟད་པ། སྐམ་ལུ་བྱེད་པ། དབུགས་འཚང་བ་སོགས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་དང་འདྲ་བའི་དོགས་ཡོད་ནད་པ་བྱུང་བའི་སྐབས་སུ། མྱུར་དུ་ཁ་ཐུམ་བརྒྱབ་ནས་སྨན་པར་སྟོན་དགོས་པ་དང་། དུས་ཐོག་ཏུ་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། སྡོད་ཁུལ་དང་སྲང་ལམ་སོགས་སྡེ་ཁག་ལ་འབྲེལ་གཏུག་བྱས་ནས། དོགས་ཡོད་ནད་པར་འབྲེལ་ཐུག་དམ་ཟབ་བྱེད་མཁན་རྣམས་གཅིག་བསྡུས་སྒོས་ཉིན་བཅུ་བཞིའི་རིང་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱེད་དགོས།

བཀོལ་ཟིན་པའི་ཁ་ཐུམ་ཇི་ལྟར་ཐག་གཅོད་བྱ་དགོས།

ཁ་ཐུམ་རྒྱག་པ་དང་ལེན་པའི་སྐབས་སུ་ལག་པ་བཀྲུ་དགོས་པ་དང་། བཀོལ་ཟིན་པའི་ཁ་ཐུམ་གད་སྙིགས་འཕེན་སའི་སྣོད་དུ་འཕེན་དགོས་ཤིང་། ཉིན་རེར་གད་སྙིགས་འཕེན་སའི་སྣོད་ལ75%སྨན་སྤྱོད་ཆང་བཅུད་སོགས་ཀྱིས་དུག་སེལ་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།