ལས་རྐང་དུ་ཕྱིར་ལོག་ནས་ལས་མགོ་རྩོམ་སྐབས་འགོག་སྲུང་གི་བྱ་བར་ལྷག་ཏུ་དོ་སྣང་བྱ་དགོས།
2020.03.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

ལས་ཁུངས་མང་པོས་ལས་མགོ་བརྩམས་པ་དང་བསྟུན་ནས་མི་རྣམས་འཕྲོ་རིམ་འཕྲོར་རང་གི་ལས་གནས་སུ་ལོག་བཞིན་ཡོད། དེ་བས་སྐབས་འདིར་རིམས་ནད་འགོག་སྲུང་དམ་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ

ལས་ཁུངས་ཀྱིས་འགོག་སྲུང་བྱེད་པའི་སྐོར། ལས་ཁུངས་ཀྱིས་བདེ་ཐང་བརྟག་འཇལ་ལམ་ལུགས་བཙུགས་ནས། ལས་བྱེད་མི་སྣ་ཞིང་ཆེན་ཕྱི་ལ་སོང་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། ཉིན་རྒྱུན་ཚ་གྲང་ཐོ་འགོད་བྱེད་པ། ལས་བྱེད་མི་སྣར་གལ་ཏེ་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཁ་ཐུམ་བརྒྱབ་ནས་སྨན་ཁང་དུ་འགྲོ་བ་ལས་ལས་ཚོགས་སུ་ཞུགས་སུ་འཇུག་མི་རུང་།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ། ངེས་པས་དུ་འཚོགས་དགོས་པའི་ཚོགས་འདུ་མ་གཏོགས། ཚོགས་འདུ་ཉུང་འཚོགས་ཀྱི་རྩ་དོན་གཞིར་བཟུང་ནས། གང་ནུས་ཀྱིས་རྣམ་པ་རྒྱ་ཆེ་བའི་གྲོས་ཚོགས་མི་འཚོགས་པ་དང་ཁང་བའི་ནང་དུ་མང་ཚོགས་རང་བཞིན་གྱི་བྱ་འགུལ་མི་སྤེལ་བ། གལ་ཏེ་ངེས་པར་དུ་ཚོགས་འདུ་འཚོགས་དགོས་ཚེ། བརྙན་རིས་དང་ཁ་པར་གྱི་ལམ་ནས་གྲོས་ཚོགས་འཚོགས་པའམ་ཡང་ན་གྲོས་ཚོགས་ཆེན་པོ་དག་ཁག་བགོས་ནས་འཚོགས་པ་སོགས་བྱེད་དགོས།

གཞུང་སྒྲུབ་ཁང་གི་སྒེའུ་ཁུང་ཕྱེས་ནས་ཁང་བའི་ནང་གི་མཁའ་དབུགས་གསར་བརྗེ་བྱེད་དགོས། དེ་མིན་རྒྱུན་པར་གསང་སྤྱོད་ཁང་གཙང་མར་ཕྱགས་ནས་དུག་སེལ་བྱེད་དགོས་པ་དང་མཁའ་དབུགས་རྒྱུ་བར་བྱེད་པ། ལག་པ་བཀྲུ་བྱེད་ཀྱི་འདག་ཁུ་འཇོག་པ་བཅས་བྱས་ནས་གསང་སྤྱོད་ཁང་གི་གཙང་སྦྲར་དོ་སྣང་བྱེད་དགོས།

ལས་བྱེད་མི་སྣའི་ཟ་ཁང་གི་གཙང་སྦྲར་དོ་སྣང་བྱས་ནས་རྒྱུན་པར་ཁང་བའི་ནང་གི་མཁའ་དབུགས་གསར་བརྗེ་བྱེད་པ་དང་དུག་སེལ་བྱེད་པ། ཟ་མ་བཟའ་བའི་དུས་ཚོད་ཇེ་རིང་དུ་བཏང་ནས་མི་མང་པོ་མཉམ་རུབ་མི་བྱེད་པར། ཁག་བགོས་ནས་བཟའ་བ་དང་མི་རེས་སྣོད་ཆས་རེ་སྤྱད་རྗེས་དེ་མ་ཐག་དུག་སེལ་བྱེད་དགོས།

མི་སྒེར་གྱི་འགོག་སྲུང་གི་སྐོར།

ལས་ཚོགས་སུ་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཁ་ཐུམ་རྒྱག་དགོས་ཤིང་།  གློག་སྐས་ནང་དུ་ལག་པས་གང་སར་མི་རེག་པ་དང་། ལག་པས་ཐད་ཀར་དུ་མིག་དང་སྣ་ཁུང་དུ་རེག་པ་སོགས་བྱེད་མི་རུང་།

མི་གཅིག་ཅན་གྱི་གཞུང་སྒྲུབ་ཁང་དུ་ཁ་ཐུམ་མ་བརྒྱབ་ཀྱང་ཆོག་མོད། མི་མང་པོས་མཉམ་དུ་བྱ་བ་སྒྲུབ་པའི་གཞུང་སྒྲུབ་ཁོར་ཡུག་ཏུ་ངེས་པར་དུ་ཁ་ཐུམ་རྒྱག་དགོས།

མི་གཙང་པའི་དངོས་པོར་རེག་ཐུག་བྱས་རྗེས་ལག་པ་གཙང་མར་བཀྲུ་བའམ་ཡང་ན་དུག་སེལ་འདག་ཁུས་ལག་པར་དུག་སེལ་བྱེད་དགོས། སྒོ་ཕྱིར་སོང་ནས་ཕྱིར་ཁྱིམ་དུ་ཐོན་རྗེས་ཐོག་མར་ངེས་པར་དུ་ལག་པ་བཀྲུ་རྒྱུ་བརྗེད་མི་རུང་།

ལས་ཁུངས་སུ་མི་མང་པོས་མཉམ་དུ་ཟ་མ་བཟའ་སྐབས། རབ་ཡིན་ན་ཟ་མ་འཁྱེར་ནས་ཕྱིར་རང་གི་འདུག་གནས་སུ་ལོག་སྟེ་ཟོས་ན་བཟང་།

ནམ་རྒྱུན་ཁོར་ཡུག་ལ་གཙང་སྦྲ་བྱས་ནས་གད་སྙིགས་དུས་ལྟར་ཐག་གཅོད་བྱེད་དགོས།

ཐུན་མོང་གིས་སྤྱོད་པའི་དངོས་པོར་གཙང་འཁྲུད་དང་དུག་སེལ་བྱེད་དགོས།

ལས་འགོ་བསྐྱར་ཚུགས་བྱེད་པའི་སྐབས་སུ། སྒོའི་ཕྱི་རོལ་ནས་རང་ཉིད་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས།

རིམས་འགོག་གི་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད་ཅིང་། ས་གནས་སོ་སོས་སྔ་རྗེས་སུ་ལས་འགོ་བསྐྱར་ཚུགས་བྱས་ཟིན་པས། མི་ལ་ལ་བྱ་བའི་དགོས་དབང་གིས་ཐག་རིང་དུ་འགྲོ་དགོས་བྱུང་ཚེ། སྐབས་འདིར་རང་ཉིད་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་ཞེ་ན།

སྤྱི་པའི་གནས་སུ་མཉམ་འཇོག་གང་ལེགས་བྱས་ནས། གྲལ་བསྒྲིགས་ས་དང་འདུག་གནས་སུ་མི་གཞན་དང་བར་ཐག་ངེས་ཅན་ཞིག་བཀྱེད་དགོས་ཤིང་། ལམ་ཐག་ཧྲིལ་བོར་ཁ་ཐུམ་རྒྱག་པ་དང་གང་ནུས་ཀྱིས་མི་མང་འདུ་སའི་གནས་ཀྱི་གང་སར་མི་རེག་པ་བཅས་བྱེད་དགོས། ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་བ་དང་།  དུག་སེལ་སྨན་རྫས་སམ་དུག་སེལ་བརླན་ཤོག་བཟུང་ནས་རྒྱུན་དུ་ལག་པར་དུག་སེལ་བྱེད་དགོས།

མགྲོན་ཁང་དུ་འདུག་སྐབས་རབ་ཡིན་ན་རང་གཅིག་པུ་འདུག་པ་དང་། ཟ་མ་ཁང་བའི་ནང་དུ་བསྐྱལ་དུ་བཅུག་ཆོག གློག་སྐས་སོགས་སྤྱི་པའི་གནས་སུ་ལག་པས་ཐད་ཀར་མི་རེག་པར་གཙང་ཤོག་གིས་ལག་པ་འགེབ་དགོས་ཤིང་། ཕྱིར་འདུག་གནས་སུ་ཐོན་རྗེས་ལག་པར་དུག་སེལ་བྱེད་དགོས།

མི་མང་འདུ་སར་མི་འགྲོ་བ་དང་། གལ་ཏེ་རང་ཉིད་ལ་འདྲ་མིན་གྱི་ནད་རྟགས་བྱུང་ཚེ། ལས་མཚམས་བཞག་ནས་མྱུར་དུ་སྨན་ཁང་དུ་འགྲོ་དགོས། གནད་སའི་ས་ཁུལ་དུ་སོང་བའམ་ཡང་ན་གནས་དེ་བརྒྱུད་པའི་གནས་ཚུལ་ཡོད་ཚེ། མ་གསང་མ་སྦས་པར་དྲང་མོར་ཡར་ཞུ་བྱེད་དགོས་པར་མ་ཟད། ཉིན་བཅུ་བཞིའི་རིང་ལ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་དགོས།

ཕྱིར་ཁྱིམ་དུ་ཐོན་རྗེས། ཕྱི་ལྭ་དང་ལྷམ་སོགས་སྒོ་འགྲམ་དུ་ཕུད་རྗེས་ནང་དུ་ལོག་ན་བཟང་།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།