ཏོག་གསར་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་བརྒྱད་པ། 
2020.03.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

31. ཁྱིམ་མི་ལ་དོགས་གཞི་ཅན་གྱི་ནད་རྟགས་བྱུང་ན་ཇི་ལྟར་བྱེད་དགོས།

(1)གལ་ཏེ་རང་གི་ཁྱིམ་མིར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས་དང་ཆ་འདྲ་བ(ཚ་རྒྱག་པ་དང་ལུ་བ།མིད་པ་ན་བ།དབུགས་འཚང་བ།འབྱིན་རྔུབ་དཀའ་བ།དང་ག་ལོག་པ།ལུས་ཐང་ཆད་པ།ལུས་སེམས་ཉོབ་པ།སྐྱུག་མེར་ལྡང་བ་དང་སྐྱུག་པ།ཁོག་པ་བཤལ་བ།མགོ་བོ་ན་བ།སེམས་འཚབ་པ།མིག་ལ་གཉན་ཚད་ལང་བ།རྐང་ལག་དང་མཁལ་རྐེད་ཀྱི་ཤ་གནད་ན་བ་སོགས)བྱུང་ན་ནད་ཀྱི་གནས་ཚུལ་ལ་བལྟས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

(2)ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་མི་འདུག་པ་དང་།མི་མང་འདུ་སར་འགྲོ་མི་རུང་།

(3)སྨན་བཅོས་བྱེད་སྐབས་རང་འགུལ་གྱིས་སྨན་པར་ནད་ཡམས་མཆེད་པའི་ས་ཆར་འགྲུལ་བཞུད་དང་ཞག་སྡོད་བྱས་པའི་གནས་ཚུལ་དང་།ནད་རྟགས་བྱུང་རྗེས་མི་གང་དག་ལ་ཕྲད་པའི་གནས་ཚུལ་བཤད་ནས།སྨན་པས་དེ་འབྲེལ་གྱི་བརྟག་དཔྱད་བགྱི་བར་གཞོགས་འདེགས་བྱེད་དགོས།

(4)ནད་པ་ཡོད་པའི་ཁྱིམ་མི་རྣམས་ཀྱིས་ཁ་ཐུམ་རྒྱག་དགོས་པ་དང་།ནད་རྟགས་ཅི་ཡང་མེད་པའི་ཁྱིམ་མི་དང་ངེས་པར་དུ་བར་ཐག་འཛིན་དགོས།

(5)གལ་ཏེ་ཁྱིམ་མིའི་ཁྲོད་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་པ་བྱུང་ན།གལ་ཏེ་ཁྱིམ་མི་གཞན་ནད་པ་དང་རེག་ཐུག་བྱུང་བ་གཏན་འཁེལ་བྱས་ཚེ།ཉིན14ལ་གསོ་རིག་ལྟ་ཞིབ་བྱེད་དགོས།

(6)ནད་རྟགས་ཡོད་པའི་ཁྱིམ་མི་རྒྱུན་དུ་སྡོད་སའི་གནས་དང་།ཁོས་རྒྱུན་དུ་བཀོལ་བའི་དངོས་པོ་ལ་དུག་སེལ་བྱེད་དགོས།

32.མི་མང་འདུ་སའི་གནས་སུ་འགོག་སྲུང་ཇི་ལྟར་བྱེད་དགོས།

(1)མི་མང་འདུ་སའི་གནས་ཀྱི་བྱ་བ་སྒྲུབ་མཁན་ཚོས་རང་གི་བདེ་ཐང་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་དགོས་པ་དང་།གལ་ཏེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས་དང་ཆ་འདྲ་བ(ལུས་ལ་ཚ་རྒྱག་པ་དང་ལུ་བ།མིད་པ་ན་བ།དབུགས་འཚང་བ།འབྱིན་རྔུབ་དཀའ་བ།དང་ག་ལོག་པ།ལུས་ཐང་ཆད་པ།ལུས་སེམས་ཉོབ་པ།སྐྱུག་མེར་ལྡང་བ་དང་སྐྱུག་པ།ཁོག་པ་བཤལ་བ།མགོ་བོ་ན་བ།སེམས་འཚབ་པ།མིག་སྐྱིའི་གཉན་ཚད་ལང་བ།རྐང་ལག་དང་མཁལ་རྐེད་ཀྱི་ཤ་གནད་ན་བ་སོགས) བྱུང་ན་ལས་ཚོགས་སུ་འགྲོ་མི་རུང་།

(2)གལ་སྲིད་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས་དང་ཆ་འདྲ་བའི་ནད་པ་བྱུང་ན།ལས་བྱེད་པས་ཁོ་གནས་དེ་ལས་ཁ་འབྲལ་དུ་འཇུག་དགོས།

(3)སྤྱི་སྤྱོད་དངོས་ཆས་དང་སྤྱི་བཀོལ་དངོས་པོ་ལ་དུས་བཅད་ལྟར་གཙང་སྦྲ་དང་དུག་སེལ་བྱེད་དགོས།

(4)མི་མང་འདུ་སའི་ཚོགས་རའི་ནང་མཁའ་རླུང་འཁོར་སྐྱོད་བྱེད་ཐུབ་པར་བཟོ་དགོས་ལ།མཁའ་དབུགས་སྙོམས་སྒྲིག་མ་ལག་དང་ཡང་ན་མཁའ་རླུང་ནང་འདྲེན་ཕྱིར་གཏོང་བྱེད་པའི་རླུང་འཁོར་རྒྱུན་ལྡན་ཡིན་པར་ཁག་ཐེག་དང་།དུས་བཅད་ལྟར་མཁའ་རླུང་སྙོམས་སྒྲིག་མ་ལག་གི་མཁའ་རླུང་འཚག་དྲ་གཙང་སེལ་བྱེད་དགོས།

(5)སྤྱོད་ཁང་དུ་ལག་འཁྲུད་འདག་ཁུ་འཇོག་དགོས་ཤིང་།རང་འབབ་ཆུའི་ཆུ་སྒོ་སོགས་སྒྲིག་ཆས་ཚང་མ་རྒྱུན་ལྡན་ལྟར་བཀོལ་སྤྱོད་བྱེད་ཐུབ་དགོས།

(6)ཁོར་ཡུག་གི་གཙང་སྦྲ་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ།དུས་ལྟར་གད་སྙིགས་གཙང་སེལ་བྱེད་དགོས།

(7)ནད་ཡམས་མཆེད་པའི་ས་ཁུལ་དུ་མང་ཚོགས་གང་ནུས་ཅི་ཐུབ་ཀྱིས་མི་མང་འདུ་སའི་ཚོགས་རར་མི་འགྲོ་བ་དང་།ནང་སྒོས་སུ་མི་ཚོགས་འདུ་འཛི་ཆེ་བ་དང་།མཁའ་རླུང་འཁོར་སྐྱོད་མི་ལེགས་པའི་ས་ཆར་འགྲོ་མི་རུང་།

33.སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་སོགས་སུ་ཇི་ལྟར་སྔོན་འགོག་བྱེད་དགོས།

(1)ནད་ཡམས་མཆེད་པའི་ས་ཁུལ་གྱི་སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་ལས་བྱེད་མི་སྣས།སྨན་སྤྱོད་ཕྱི་ཚན་ཁ་ཐུམ་དང་ཡང་ན N95ཅན་གྱི་ཁ་ཐུམ་རྒྱག་དགོས་པར་མ་ཟད།ཉིན་རྒྱུན་དུ་བདེ་ཐང་ལ་བརྟག་དཔྱད་བྱེད་དགོས།

(2)སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་ནང་དུ་ལུས་པོའི་ཚ་གྲང་འཇལ་ཆས་དང་།ཁ་ཐུམ་སོགས་ཀྱི་མཁོ་ཆས་གྲ་སྒྲིག་བྱེད་དགོས།

(3)སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་གད་བདར་ལ་ཤུགས་སྣོན་དང་།དུག་སེལ་བྱེད་པའི་ཁ་གྲངས་ཇེ་མང་དུ་གཏོང་དགོས་པར་མ་ཟད།གད་བདར་དང་དུག་སེལ་བྱས་པའི་ཟིན་ཐོ་གསལ་པོར་དགོད་དགོས།

(4)སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་གྱི་ནང་དུ་མཁའ་རླུང་ལེགས་པོར་རྒྱུ་ཐུབ་པར་བྱེད་དགོས།

(5)རླངས་འཁོར་ས་ཚིགས་དང་འཁོར་སྒམ་གྱི་ནང་དུ།དུས་ཐོག་ཏུ་གཙང་སྦྲ་དང་གད་སྙིགས་གཙང་སེལ་བྱེད་དགོས།

(6)འགྲུལ་སྐྱེལ་རླངས་འཁོར་ཁ་ལོ་པ་སོགས་ཀྱི་བྱ་བ་དང་ངལ་གསོ་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱས་ཏེ།ངལ་འདང་ངེས་པ་ཞིག་གསོ་བར་ཁག་ཐེག་བྱེད་དགོས།

34.ནད་གཞན་གྱི་དབང་གིས་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཇི་ལྟར་འགོག་སྲུང་བྱེད་ཚུལ།

(1)སྨན་པར་མི་སྟོན་ཐབས་མེད་ཀྱི་ནད་ལྕི་བའི་རིགས་མིན་ཚེ་སྨན་ཁང་དུ་མ་སོང་ན་བཟང་།གལ་ཏེ་སྨན་ཁང་དུ་མི་འགྲོ་ཐབས་མེད་ཡིན་ན།ནད་ལ་ལྟ་ཐུབ་ཅིང་ནད་པ་ཅུང་ཉུང་བའི་སྨན་བཅོས་སྡེ་ཁག་ཏུ་སོང་ན་ལེགས།ངེས་པར་དུ་སྨན་ཁང་དུ་འགྲོ་དགོས་པ་བྱུང་ཚེ།མི་བརྟག་ཐུ་མེད་ཀྱི་རྣམ་གྲངས་ལས་གཞན་དག་རྗེས་སུ་སྒྲུབ་འོས།གལ་སྲིད་ཚན་ཁག་བདམས་ནས་སྨན་བཅོས་བྱས་ཆོག་ན།ཚ་རྒྱས་སྨན་བཅོས་ཚན་ཁག་དང་མྱུར་བཅོས་ཚན་ཁག་ཏུ་མ་སོང་ན་བཟང་།

(2)སྨན་ཁང་དུ་འགྲོ་དགོས་ཚེ།ཁ་པར་དང་དྲ་བ་སོགས་བརྒྱུད་ནས་སྨན་ཁང་དེའི་སྨན་བཅོས་སྡེ་ཁག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་དུས་ཆད་བྱེད་པ་དང་།དེ་ལྟར་བྱས་ན་སྨན་ཁང་དུ་སྨན་བཅོས་བྱེད་པའི་དུས་ཚོད་ཐུང་དུ་བསྟུང་ཐུབ།

(3)ནད་པ་དང་འགྲོ་རོགས་གཉིས་ཀྱིས་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་དང་།ཡང་ན N95ཅན་གྱི་ཁ་ཐུམ་རྒྱག་དགོས།

(4)ཆ་རྐྱེན་ཡོད་ན་སྤྱི་སྤྱོད་རླངས་འཁོར་དུ་མི་སྡོད་པར་སྒེར་གྱི་རླངས་འཁོར་བསྐོར་ན་ལེགས།

(5)ནམ་ཡང་ལག་པ་གཙང་མར་བྱེད་དགོས་ལ།ལམ་བར་དང་སྨན་ཁང་དུ་མི་གཞན་དང་བར་ཐག་ངེས་ཅན་ཞིག་འཛིན་དགོས་ཤིང་།ཆེས་ཉུང་ནའང་བར་ཐག་སྨི་གཅིག་ཡོད་དགོས།

(6)ལམ་བར་དུ་འགྲུལ་སྐྱེལ་རླངས་འཁོར་ལ་ནད་དུག་བསྒོས་ཚེ།དུག་སེལ་སྨན་ཆུ་ཡིས་དུག་སེལ་བྱེད་དགོས་པའི་བསམ་ཚུལ་བརྗོད་དགོས་པ་དང་།ཁ་ཆུ་དང་ཁ་ལུད་བསྒོས་པའི་དངོས་ཆས་སྟེང་དུག་སེལ་བྱེད་དགོས།

(7)ཅི་ཐུབ་ཀྱིས་ལག་པས་ཁ་དང་སྣ།མིག་ལ་མི་རེག་པ་དང་།ཧབ་སྦྲིད་རྒྱག་པ་དང་གློ་ལུ་བྱེད་སྐབས་གཙང་ཤོག་དང་ཡང་ན་གྲུ་མོས་ཁ་སྣ་བཏུམ་དགོས།

(8)སྨན་ཁང་གི་སྒོ་ལུང་དང་སྒོ་ཡོལ།སྨན་པའི་ལྭ་བ་སོགས་སྨན་ཁང་གི་དངོས་རྫས་ལ་རེག་རྗེས།ལག་པར་དུག་སེལ་འདག་ཆུ་ཡིས་དུག་སེལ་བྱ་དགོས།དུས་ལྟར་ལག་པར་དུག་སེལ་བྱེད་མ་ཐུབ་ན།ལག་པས་ཁ་དང་མིག སྣ་བ་སོགས་ལ་རེག་མི་རུང་།སྨན་ཁང་དུ་སྨན་པར་སྟོན་སྐབས་ཅི་ཐུབ་ཀྱིས་སྨན་ཁང་དུ་སྡོད་པའི་དུས་ཚོད་ཐུང་དུ་གཏོང་དགོས།

(9)ནད་པ་ཕྱིར་ཡུལ་ལ་ལོག་རྗེས་དེ་མ་ཐག་ཏུ་ལྭ་བ་བརྗེ་དགོས་པ་དང་།རང་འབབ་བཞུར་ཆུ་ལ་བརྟེན་ནས་ལག་པ་དང་ལྭ་བ་རེམ་པར་བཀྲུ་དགོས།

(10)གལ་ཏེ་དོགས་གཞི་ཅན་གྱི་ནད་རྟགས(ཚ་རྒྱག་པ་དང་ལུ་བ།མིད་པ་ན་བ།དབུགས་འཚང་བ།འབྱིན་རྔུབ་དཀའ་བ།དང་ག་ལོག་པ།ལུས་ཐང་ཆད་པ།ལུས་སེམས་ཉོབ་པ།སྐྱུག་མེར་ལྡང་བ་དང་སྐྱུག་པ།ཁོག་པ་བཤལ་བ།མགོ་བོ་ན་བ།སེམས་འཚབ་པ།རྐང་ལག་དང་མཁལ་རྐེད་ཀྱི་ཤ་གནད་ན་བ་སོགས)བྱུང་ན།སྨན་ཁང་དུ་སྟོན་དགོས་པ་དང་།སྨན་པར་གཟའ་འཁོར་གཉིས་ཀྱི་འགྲོ་སྡོད་གནས་ཚུལ་གསལ་པོར་བཤད་དགོས།

35.གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་ཁྱིམ་ནང་བསྡད་དེ་གསོ་རིག་ལྟ་ཞིབ་བྱེད་དགོས།

ནད་པར་འབྲེལ་འདྲིས་བྱས་མྱོང་བ་དང་།ཡང་ན་དོགས་གཞི་ཅན་གྱི་ནད་རྟགས་བྱུང་ན་ཁྱིམ་དུ་བསྡད་ནས་གསོ་རིག་ལྟ་ཞིབ་བྱེད་དགོས།གསོ་རིག་ལྟ་ཞིབ་ལ་ཁྱིམ་དུ་ཟུར་བཀར་དུ་བསྡད་དེ་གསོ་རིག་ལྟ་ཞིབ་བྱེད་ཐབས་དང་།གཅིག་སྡུད་ཀྱིས་ཟུར་དུ་བཀར་ནས་གསོ་རིག་ལྟ་ཞིབ་བྱེད་ཐབས་གཉིས་ཡོད།མིག་སྔར་ས་ཆ་སོ་སོར་ལག་བསྟར་བྱེད་བཞིན་པ་ནི།ཁྱིམ་དུ་ཟུར་བཀར་དུ་བསྡད་ནས་གསོ་རིག་ལྟ་ཞིབ་བྱེད་ཐབས་ཡིན།གསོ་རིག་ལྟ་ཞིབ་བྱེད་པའི་དུས་ཡུན་ནི།གསོ་རིག་ལྟ་ཞིབ་བྱ་ཡུལ་གྱི་མི་དེའི་ཆེས་མཐའ་མར་ནད་གཞི་ལ་ནུས་པ་ཡོད་པའི་འགོག་སྲུང་བྱེད་མ་ཐུབ་པའམ།དོགས་གཞི་ཅན་གྱི་ནད་རྟགས་བྱུང་རྗེས་ཀྱི་ཉིན14ཡི་རྗེས་ཡིན།ལྟ་ཞིབ་ཀྱི་དུས་ཡུན་ནང་དུ་ནད་རྟགས་ལྷང་ལ་མ་བུད་ཚེ།བྱ་བ་དང་སློབ་སྦྱོང་སོགས་ཀྱི་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་བྱེད་ཆོག

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།