རྒྱུན་མཐོང་མོ་ནད་ཀྱི་རིགས་དང་དེ་དག་སྔོན་འགོག་བྱེད་ཐབས།
2020.03.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 53

འཚོ་བའི་གོམ་འགྲོས་ཇེ་མགྱོགས་དང་། སྤྱི་ཚོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། བུད་མེད་རྣམས་ལ་མོ་ནད་འབྱུང་བའི་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པར་མ་ཟད། ན་ཚོད་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས། བུད་མེད་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་ཡོད། གཤམ་དུ་རྒྱུན་མཐོང་མོ་ནད་ཀྱི་རིགས་དང་དེ་དག་སྔོན་འགོག་བྱེད་ཐབས་འགའ་བརྗོད་པར་བྱ་སྟེ།

གཅིག འབྲས་སྐྲན།

ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན། བུ་སྣོད་ནང་སྐྱིའི་འབྲས་སྐྲན། བསམ་སེའུ་འབྲས་སྐྲན་སོགས་ནི་དེང་རབས་བུད་མེད་རྣམས་ལ་འབྱུང་ཚད་ཆེས་མཐོ་བའི་མོ་ནད་ཀྱི་རིགས་རེད། རྒྱུས་ལོན་བྱས་པ་ལྟར་ན། ལོ20ནས་ལོ50བར་གྱི་བཙའ་ལོ་རན་པའི་བུད་མེད་རྣམས་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད40%ནས50%ཡིན་པ་དང་།ཕྲུ་གུ་བཙས་རྗེས་དང་ཟླ་མཚན་མ་ཆད་པའི་བར་གྱི་བུད་མེད་ལ་བུ་སྣོད་འབྲས་སྐྲན་དང་བསམ་སེའུ་འབྲས་སྐྲན།བུ་སྣོད་ནང་སྐྱིའི་འབྲས་སྐྲན་སོགས་ཀྱི་འབྱུང་ཚད་ཆེས་མཐོ་བའི་དུས་དང་། ལོ40ནས50བར་ནི་བུད་མེད་ལ་བུ་སྣོད་ཤ་སྐྲན་གྱི་འབྱུང་ཚད་ཆེས་མཐོ་བའི་དུས་རེད།

ནུ་མའི་འབྲས་སྐྲན་གྱི་འབྱུང་རྐྱེན་ནི་ད་རུང་གསལ་པོ་ཞིག་ཤེས་མེད་མོད། འོན་ཀྱང་རྒྱུད་རྒྱུ་འདེད་པ་དང་ཁོར་ཡུག་གི་ཕོག་ཐུག་ཐེབས་པ། ཕྲུ་གུ་མ་སྐྱེས་པ། ཕྲུ་གུ་སྐྱེས་ཚད་ཉུང་བ་སོགས་དང་འབྲེལ་བ་ཡོད་སྲིད་པར་མ་ཟད། དུས་རྒྱུན་གྱི་བཟའ་བཏུང་དང་འཚོ་བའི་གོམས་གཤིས་ལའང་འབྲེལ་བ་ཡོད་པ་རེད།

མོ་ནད་འབྲས་སྐྲན་གྱི་འབྱུང་རྐྱེན་ནི་ནང་གི་ཟགས་ཐོན་དང་འབྲེལ་བ་དམ་པོ་ཡོད་པ་སྟེ། མངལ་ཤོར་ཚད་མཐོ་བ་དང་ལོ་ན་ཆུང་དུས་ཕྲུ་གུ་བཙས་པ། ཕྲུ་གུ་བཙའ་ཚད་མཐོ་བ། ལུས་པོར་ཚོ་རྒྱས་པ་སོགས་ཀྱིས་བུད་མེད་ཀྱི་འབྲས་སྐྲན་བསླངས་པ་རེད། ལོ30ནས50བར་ནི་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་བའི་དུས་ཡིན་པས། ན་ཚོད་འདིའི་བར་གྱི་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལ་དོ་སྣང་ལེགས་པོ་བྱེད་དགོས། ཚིལ་ཞག་མཐོ་བའི་ཟས་རིགས་བཟའ་བ་དང་། ཁ་ཧྥེ་མང་པོ་འཐུང་བ། དུ་བ་འཐེན་པ་སོགས་ཀྱི་གོམས་སྲོལ་ངན་པ་རྣམས་བསྒྱུར་ཅི་ཐུབ་བྱེད་དགོས།

སྔོན་འགོག་བྱེད་ཐབས། འཚོ་བའི་གོམས་སྲོལ་བཟང་པོ་ཆགས་སུ་འཇུག་དགོས་པ་སྟེ།ལོ35ལ་མ་བུད་གོང་གཉེན་བསྒྲིགས་ནས་ཕྲུ་གུ་བཙའ་དགོས་པ་དང་། ཕྲུ་གུར་ནུ་མ་བསྣུན་དགོས། དུས་བཅད་ལྟར་ལུས་པོར་ཞིབ་བཤེར་བྱེད་དགོས་ལ། ནུ་མ་དང་མཆན་འོག་རྨེན་འདུན་ལ་ལོ་རེརBཁྲའོ་ཡིས་ཐེངས་གཅིག་རེར་བརྟག་དགོས་པར་མ་ཟད།རང་ཉིད་ཀྱི་གནས་ཚུལ་དང་བསྟུན་ནས།ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས་པ་དང་། སྦྲུམ་འགོག་སྨན་རྫས་ཉུང་འཐུང་བྱས་ཏེ། རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས།

གཉིས། སྐྱེ་ལམ་རེད་པ།

མོ་ནད་ཀྱི་ནད་རིགས་ཁྲོད། སྐྱེ་ལམ་རེད་པ་དང་མངལ་མི་ཆགས་པ་ནི་ཆེས་རྒྱུན་མཐོང་གི་ནད་རིགས་ཡིན་པ་དང་། འབྱུང་རྐྱེན་གཙོ་བོ་ནི་རྒྱུད་རྒྱུ་འདེད་པ་དང་རིམས་འགོག་ནུས་པ་ཞན་པ། སྒེར་གྱི་གཙང་སྦྲར་དོ་སྣང་མི་བྱེད་པ་སོགས་རེད། སྐྱེ་ལམ་རེད་པ་ནི་བཟའ་སྒྲིག་བྱས་ཟིན་པའི་བུད་མེད་ཁྲོད་འབྱུང་ཚད30%ཡིན་པས། བུད་མེད་མང་ཤོས་ཤིག་དེའི་ཐད་ཀྱི་སྡུག་བསྔལ་དང་འཕྲད་མྱོང་བ་རེད། དེ་ནི་བཟའ་སྒྲིག་བྱས་སྔ་བ་དང་འཁྲིག་སྤྱོད་བྱས་སྔ་བ། ལུས་སྦྱོང་མི་བྱེད་པ། མངལ་སྐེའི་གཤགས་བཅོས་ཐེངས་མང་བྱས་པ་སོགས་ལ་འབྲེལ་བ་དམ་པོ་ཡོད། སྐྱེ་ལམ་རེད་ན་ད་རུང་བུ་སྣོད་ནང་སྐྱིའི་གཉན་ཚད་རྒྱས་སླ་བས་མངལ་མི་ཆགས་པའང་དེ་ལ་ཐུག་ཡོད་པ་རེད།

སྔོན་འགོག་བྱེད་ཐབས། རེད་པ་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། དུས་བཅད་ལྟར་སྐྱེ་ལམ་རེད་ཡོད་མེད་ལ་བརྟགས་ཏེ། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བྱེད་དགོས། དུས་རྒྱུན་དུ་འཚོ་བའི་གོམས་གཤིས་ལེགས་བསྒྱུར་བྱས་ཏེ། སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་དགོས། སྐུལ་རྩི་རིགས་ཀྱི་སྨན་གང་འདོད་དུ་འཐུང་མི་རུང་ལ། ཚ་སྐྱུར་རིགས་ཀྱི་ཟས་རིགས་ཉུང་བཟའ་བྱེད་དགོས་སོ། །

གསུམ། དལ་གཤིས་མཚང་ཁོག་གི་ནད་རིགས།

དལ་གཤིས་མཚང་ཁོག་གཉན་ཚད་ནི་ཧ་ཅང་རྒྱུན་མཐོང་གི་མོ་ནད་རིགས་ཤིག་རེད། དལ་གཤིས་མཚང་ཁོག་གཉན་ཚད་ཀྱི་འབྱུང་རྐྱེན་ལ་རྣམ་པ་སྣ་ཚོགས་ཡོད་མོད། འོན་ཀྱང་ཆེས་གཙོ་བོ་ནི་གཤམ་གྱི་འདི་དག་དང་འབྲེལ་བ་ཡོད་པ་སྟེ། 1.མགྱོགས་གཤིས་མཚང་ཁོག་གཉན་ཚད་རྒྱས་སྐབས་གསོ་བཅོས་ལེགས་པོ་མ་ཐོབ་པ། 2.རང་ཉིད་ཀྱི་གཙང་སྦྲར་དོ་སྣང་མི་བྱེད་པར་ཟླ་མཚན་འབབ་པའི་སྐབས་སུ་འཁྲིག་སྤྱོད་བྱེད་པ། 3.ཕྲུ་གུ་བཙས་རྗེས་དང་ཡང་ན་མངལ་ཤོར་རྗེས་ལུས་པོར་བདག་སྐྱོང་ལེགས་པོ་མ་བྱས་པ། 4.ནད་དུག་དང་འབུ་སྲིན་རེད་པའམ་ཡང་ན་ནད་རིགས་གཞན་པའི་དབང་གིས་སྦྲགས་ནད་བྱུང་བ་བཅས་ཡིན།དལ་གཤིས་མཚང་ཁོག་གཉན་ཚད་གསོ་བཅོས་བྱེད་དགོས་ན་ཆེས་གལ་ཆེ་བ་ནི་སྔ་མོ་ནས་ཤེས་ཏེ་སྔ་མོ་ནས་གསོ་བཅོས་བྱེད་རྒྱུ་དེ་ཡིན།

སྔོན་འགོག་བྱེད་ཐབས། དུས་རྒྱུན་འཚོ་བའི་ཁྲོད་དུ་དོ་སྣང་ལེགས་པོ་བྱེད་དགོས་ཏེ། དུས་བཅད་ལྟར་བརྟག་བཤེར་བྱེད་པའི་གོམས་གཤིས་ངེས་པར་དུ་ཆགས་སུ་འཇུག་དགོས། བཟའ་བཏུང་གི་ཐད་ནས་སིལ་ཏོག་དང་སྔོ་ཚོད་གསར་པ་མང་དུ་བཟའ་དགོས་ལ། ལུས་སྦྱོང་ལེགས་པོ་བྱས་ཏེ། རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས། ཚ་སྐྱུར་དང་སྣུམ་ཞག་ཆེ་བའི་ཟས་རིགས་ཉུང་བཟའ་བྱེད་དགོས་པ་དང་། ཆུ་མང་དུ་འཐུང་བ་དང་། ཚད་ཉུང་གཞི་རྒྱུ་ཁ་གསབ་འོས་འཚམ་བྱེད་དགོས།

བཞི། བུ་སྣོད་ཁྲག་རྡོལ།

བུ་སྣོད་ཁྲག་རྡོལ་ཡང་རྒྱུན་མཐོང་གི་མོ་ནད་རིགས་ཤིག་ཡིན། གཙོ་བོ་ཟླ་མཚན་འབབ་པའི་དུས་འཁོར་དང་ཆོས་ཉིད། ཟླ་མཚན་འབབ་ཡུན། ཟླ་མཚན་འབབ་ཚད་སོགས་ལ་འབྲེལ་བ་དམ་པོ་ཡོད། སྤྱིར་བཏང་དུ་བུད་མེད་རྣམས་ལ་ལོ12ནས13བར་ནས་ཟླ་མཚན་ཆད་རག་བར་དུ་དུས་ངེས་མེད་ཀྱི་ཁྲག་རྡོལ་བ་དང་། ཁྲག་རྡོལ་བའི་གནས་ཚུལ་མི་འདྲ་བ་ལྟར།བཅོས་ཐབས་ཀྱང་མི་འདྲ་བ་ཡོད།

ན་ཚོད་ཀྱི་སྟེང་ནས་དབྱེ་ན། གཞོན་ནུ་མའི་དུས་དང་བཙའ་ལོ་རན་པའི་དུས། ཟླ་མཚན་ཆད་ལ་ཉེ་བའི་དུས་བཅས་དུས་རིམ་གསུམ་དུ་དབྱེ་ཡོད། རྒྱུན་ལྡན་གྱི་ཟླ་མཚན་འབབ་ཡུན་ནི་ཉིན3ནས7བར་ཡིན་ལ།གལ་ཏེ་ཟླ་མཚན་འབབ་ཡུན་རིང་ནས་ཉིན15ལས་བརྒལ་སྐབས། གཞོན་ནུ་མ་ཞིག་ཡིན་ན་དེ་ནི་བསམ་བསེའུ་ཡི་བྱེད་ནུས་འཚར་ལོངས་ལེགས་པོ་མ་བྱུང་བའི་དབང་གིས་བཟོས་པ་ཡིན་སྲིད་པས་སྐྱོན་ཆེན་པོ་མེད་མོད། འོན་ཀྱང་བཙའ་ལོ་རན་པའི་བུད་མེད་ཅིག་ལ་ཉིན15ཡན་ལ་ཟླ་མཚན་བབས་ན་ཧ་ཅང་མཐོང་ཆེན་བྱེད་དགོས། དེ་ནི་ནད་རིགས་ཀྱི་དབང་གིས་བྱུང་བ་ཡིན་པས། སྔ་མོ་ནས་གསོ་བཅོས་བྱས་ན་ནད་རིགས་མང་པོ་ཞིག་སྔོན་འགོག་བྱེད་ཐུབ། ཟླ་མཚན་ཆད་ལ་ཉེ་བའི་བུད་མེད་ལ་ཟླ་མཚན་ཉིན15ཡན་ལ་བབས་ན་དེ་ནི་བསམ་བསེའུ་ཡི་བྱེད་ནུས་ཉམས་པ་དང་ན་ཚོད་རྒས་པའི་སེམས་ཁམས་ཀྱི་དབང་གིས་བྱུང་བ་ཡིན་པས།བརྟག་བཤེར་བྱས་ཏེ་ནད་རིགས་གཞན་པ་མེད་ན་སེམས་ཁམས་སྙོམ་སྒྲིག་བྱེད་རྒྱུ་གཙོ་ཆེ།

སྔོན་འགོག་བྱེད་ཐབས། བུད་མེད་ལ་ཟླ་མཚན་འབབ་པའི་སྐབས་སུ་ངེས་པར་དུ་ལུས་པོ་དྲོན་པོ་བྱེད་དགོས་པའི་ཁར། སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་པ་དང་། སྦྲུམ་འགོག་བྱེད་ཐབས་ཡང་དག་པ་སྤྱད་དེ། མངལ་ལེན་ཐེངས་ཇེ་ཉུང་དུ་གཏོང་དགོས་ལ། ལུས་པོར་ཕོག་ཐུག་མི་ཐེབས་པར་ཁག་ཐེག་བྱེད་དགོས་སོ།།

ལྔ། བསམ་བསེའུ་འབྲས་སྐྲན།

བསམ་བསེའུ་འབྲས་སྐྲན་ལ་སྤྱིར་བཏང་དུ་གསུས་པ་སྦོས་པ་དང་ཟ་མ་བཟའ་མི་འདོད་པ། ལུས་པོ་རིད་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པས། ནད་པ་མང་པོ་ཞིག་གིས་འཇུ་བྱེད་མ་ལག་གི་ནད་ལ་འཁྲུལ་ནས་དོ་སྣང་མ་བྱས་པར་བཞག་པའི་གནས་ཚུལ་ཧ་ཅང་མང་། བསམ་བསེའུ་འབྲས་སྐྲན་ནི་མངལ་སྐེའི་འབྲས་སྐྲན་དང་བུ་སྣོད་ནང་སྐྱིའི་འབྲས་སྐྲན་ཕུད་པའི་བུད་མེད་ཀྱི་སྐྱེ་ལམ་མ་ལག་གི་སྐྲན་ངན་ཨང་གསུམ་པ་ཡིན་ལ། སྐྲན་ངན་ཁྲོད་ཀྱི་ཤི་ཚད་ཆེས་མཐོ་བའི་ནད་རིགས་ཀྱང་ཡིན། དེ་ལ་ཇེ་སྡུག་ཏུ་འགྲོ་ཚད་མགྱོགས་ཤིང་ཡང་བསྐྱར་འབྱུང་སླ་བའི་ཁྱད་ཆོས་ལྡན། བསམ་བསེའུ་ནི་མཚང་ཁོག་གི་གཏིང་རིམ་དུ་ཡོད་པར་མ་ཟད་བོངས་ཚད་ཆུང་བས།སྔ་དུས་ཀྱི་བརྟག་བཤེར་ཁྲོད་ནད་ངོ་ཟིན་དཀའ་བ་དང་། ནད་ངོ་ཟིན་དུས་ནད་རིགས་མང་ཤོས་ཤིག་དུས་མཇུག་ཏུ་ཐོན་ཡོད་པས། དེ་ལ་མི་རྣམས་ཀྱིས“ཁ་མི་གྲགས་པའི་ལག་དམར”ཞེས་འབོད།

བསམ་བསེའུ་འབྲས་སྐྲན་གྱི་འབྱུང་རྐྱེན་གསལ་པོ་མི་ཤེས་མོད། འོན་ཀྱང་རྒྱུད་རྒྱུ་འདེད་པ་དང་འཚོ་བའི་གོམས་གཤིས་མི་ལེགས་པ། ཕྲུ་གུ་མི་བཙའ་བ།ལུས་ལ་ཚོ་རྒྱས་པ། ཕྱི་རོལ་ཡུལ་གྱི་ཕོག་ཐུག་ཐེབས་པ།རིམས་འགོག་ནུས་པ་ཇེ་ཞན་དུ་སོང་བ་བཅས་དང་འབྲེལ་བ་ཡོད།

སྔོན་འགོག་བྱེད་ཐབས། བུད་མེད་གྲོགས་པོ་རྣམས་ཀྱིས་དུས་རྒྱུན་གྱི་ལུས་བཤེར་ལ་གཙིགས་མཐོང་བྱེད་དགོས། བཙའ་ལོ་རན་དུས་གཉེན་བསྒྲིགས་ནས་ཕྲུ་གུ་བཙའ་བ་དང་། ལུས་སྦྱོང་བྱེད་པར་ཤུགས་སྣོན་པ། ལུས་པོར་ཚོ་རྒྱས་པར་ཚོད་འཛིན་དང་འཚོ་བའི་གོམས་གཤིས་ལེགས་བསྒྱུར་བཅས་བྱེད་དགོས། ཁྱིམ་རྒྱུད་ཁྲོད་དུ་བསམ་བསེའུ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་བྱུང་མྱོང་མཁན་ཡོད་ན། ཆེད་ལས་ལས་ཁུངས་སུ་སོང་ནས་རྒྱུད་རྒྱུ་ཉེན་ཁའི་ཐད་ཀྱི་བློ་འདྲི་བྱེད་པའམ་ཡང་ན་འབྲེལ་ཡོད་རྒྱུད་རྒྱུ་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་གཞི་རྒྱུ་ཐོལ་འགྱུར་འབྱུང་ཉེན་ཆེ་ན། ངེས་པར་དུ་མོ་ནད་ཐད་ཀྱི་བརྟག་དཔྱད་བྱེད་ཚད་ཇེ་མང་དུ་གཏོང་དགོས་པར་མ་ཟད། སྨན་པའི་མཛུབ་སྟོན་འོག་སྔོན་འགོག་རང་བཞིན་གྱི་བསམ་བསེའུ་ཆ་ལག་གཤགས་བཅོས་བྱས་ཏེ་བསམ་བསེའུ་འབྲས་སྐྲན་ལ་གཡོལ་དགོས་མིན་གྱི་བསམ་བློ་གཏོང་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།