འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།
2020.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཤིང་། སྟོབས་དང་ལྡན་པའི་ཆབ་སྲིད་དམ་བཅའ་བཏོན་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐན་ཏི་སེ་ཡིས་ཉིན་དེའི་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཕལ་ཆེར་རྒྱལ་ཁབ་ཚང་མས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྙན་ཞུ་བྱས་ཡོད་པ་དང་། རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གསུམ་ལས་བརྒལ་ཡོད། དེ་ནི་ཡིད་སྐྱོ་བའི་དོན་ཞིག་ཡིན་པ་དང་། བྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་མྱུར་ཞིང་ཁྱབ་རྒྱ་ཆེ་བའི་སྒོ་ནས་མཆེད་བཞིན་ཡོད་ཟེར།

ཁོས་ད་རུང་ནན་གྱིས་བསྟན་དོན། ང་ཚོ་ནི་སྐྱབས་འཚོལ་ས་མེད་པའི་ལྟད་མོ་བ་མིན་ལ། ང་ཚོས་རིམས་ནད་ཆེན་མོ་དེར་འགོག་བཅོས་ཚོད་འཛིན་བྱེད་དགོས་ཟེར།

ཐན་ཏི་སེ་ཡིས་བསྟན་དོན། མི་རྣམས་རང་ཁྱིམ་དུ་སྡོད་པའི་རེ་བ་བཏོན་པ་དང་ཁ་ཁར་དགར་བའི་བྱེད་ཐབས་སྤྱད་པ་ནི་ནད་དུག་གི་འགོ་ཡུན་ཇེ་དལ་དུ་གཏོང་བ་དང་བྱེད་ཐབས་གལ་ཆེན་འདོན་པར་དུས་ཚོད་བརྩོན་ལེན་བྱེད་ཆེད་ཙམ་ཡིན་པ་དང་། དེ་ནི་སྔོན་འགོག་གི་བྱེད་ཐབས་ཙམ་ཡིན། རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལེན་པར་དམིགས་སའི་རང་བཞིན་ལྡན་པའི་ཐབས་ཇུས་བཟང་བོ་སྤྱོད་དགོས་ཟེར།

ཐན་ཏི་སེ་ཡིས་བཤད་རྒྱུར། མིག་སྔར་གཙོ་བོ་སྨན་བཅོས་མི་སྣར་སྲུང་སྐྱོབ་བྱེད་དགོས། གལ་ཏེ་སྨན་བཅོས་མི་སྣར་སྲུང་སྐྱོབ་གང་ལེགས་བྱེད་མ་ཐུབ་ན། མི་སྔར་ལས་མང་བོའི་ཚེ་སྲོག་ཤོར་ངེས་ཡིན་ཟེར།

ཁོས་བསྟན་དོན། འགོག་སྲུང་སྒྲིག་ཆས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པར་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དམ་བཅའ་དང་ཆབ་སྲིད་མཐུན་སྦྱོར་མཁོ། གཟའ་འཁོར་འགའི་ནང་ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པར་གཏམ་བཤད་སྤེལ་ཏེ། ཁོ་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཐོན་ཚད་ཇེ་མང་དུ་གཏོང་བ་དང་། ཕྱིར་གཏོང་བཀག་རྒྱ་མེད་པར་བཏང་ནས་འདྲ་མཉམ་གྱིས་བགོ་བཤའ་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར།

ཐན་ཏི་སེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཆབ་སྲིད་དམ་བཅའ་དེ་ནི་སྟོབས་དང་ལྡན་པའི་མཐུན་སྒྲིལ་ཡིན་པ་དང་། ང་ཚོས་ནུས་པ་ལྡན་པའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད་ཟེར།

རྩོམ་སྒྲིག་པ། འབྲུག་མོ།