འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་འཕར་བར་དོགས་ཟོན་ནན་མོ་བྱེད་དགོས་པའི་རེ་འབོད་བཏོན།
2020.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

རྒྱལ་ཁབ་མང་པོས་ཉེ་བའི་དུས་སྐབས་ཤིག་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་ཐབས་རིམ་བཞིན་ལྷོད་གཡེང་དུ་བཏང་བ་དང་བསྟུན་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་རྒྱལ་ཁབ་སོ་སོས་པྲོག་དབྱིབས་ནད་དུག་ལ་དོགས་ཟོན་ནན་མོ་བྱེད་པ་སྲུང་འཛིན་བྱས་ཏེ། རིམས་ནད་བྱུང་བ་ཇེ་མང་དུ་འགྲོ་སྐབས་མྱུར་དུ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པའི་རེ་འབོད་བཏོན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏི་སེ་ཡིས་ཉིན་དེར་བརྙན་རིས་བརྒྱུད་དེ་ཚོགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། འབྲེལ་ཡོད་ཞིབ་བཤེར་ཚད་ལེན་ལས་མི་ཉུང་ཤོས་ཀྱི་ལུས་སྟེང་དུ་པྲོག་དབྱིབས་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་པ་དང་། དེ་ལས་མི་མང་ཤོས་ལ་སྔར་བཞིན་ནད་དུག་དེ་འགོ་སླ་བ་མཚོན་པར་བྱས་ཡོད་པ་བདེན་དཔང་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མཉམ་ལས་དམ་པོ་བྱས་ཏེ། གནད་འགག་གི་སྤྱི་ཐུན་འཕྲོད་བསྟེན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། འགོག་སྲུང་བྱེད་ཐབས་ལྷོད་གཡེང་དུ་བཏང་བའི་འགྲན་རྩོད་ལ་ཁ་གཏད་འཇལ་བཞིན་ཡོད། འགོག་ཁབ་ཞིབ་བཟོ་མ་བྱས་པའི་སྔོན་ལ། ཁྱོན་ཡོངས་འགོག་སྲུང་བྱེད་པ་ནི་ནད་དུག་ལ་ཁ་གཏད་འཇལ་བའི་ནུས་ལྡན་བྱེད་ཐབས་ཤིག་ཡིན་ཟེར།

ཐན་ཏི་སེ་ཡིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་དེ་ལས་འཛམ་གླིང་ཡོངས་ཀྱི་སྨན་བཅོས་སྒྲིག་ཆས་དེ་འདྲ་དོ་མཉམ་མིན་པ་མངོན་པར་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་ལག་རྩལ་མཐོ་བའི་གྲོགས་པོའི་འབྲེལ་བ་བཙུགས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ས་གནས་སུ་འཕྲོད་བསྟེན་ཐོན་རྫས་གཙོ་བོའི་གྲངས་ཀ་ཇེ་མང་དུ་གཏོང་ངེས་ཡིན། གྲོགས་པོའི་འབྲེལ་བ་གསར་བ་དེ་ནི་མཐུན་སྒྲིལ་རོགས་རེས་བྱེད་པའི་གྱོད་དོན་དཔེ་མཚོན་བཟང་བོ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཆེས་གསར་བའི་འཕྲོད་བསྟེན་གསར་སྐྲུན་ལག་རྩལ་དེ་ཧ་ཅང་དགོས་མཁོ་ཆེ་བའི་གཞིས་ཁུལ་དུ་བཀོལ་སྤྱོད་བྱེད་ཐུབ་པ་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། འབྲུག་མོ།