བདེ་སྲུང་བྱ་ཚུལ་ལས་སེམས་ཁམས་བདེ་སྲུང་གི་སྐོར།
2020.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

བྱིས་པ་རྣམས་ནར་སོན་པ་བསྟུན་ནས་རིམ་བཞིན་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་རང་ཤུགས་སུ་ཞུགས་དགོས་ཤིང་། དེའི་མཚུངས་སུ་ལུས་སེམས་གཉིས་ཀ་དཀའ་ངལ་སྣ་ཚོགས་ལ་རང་བཞིན་དུ་འཕྲད་པའང་ལྡོག་ཐབས་མེད་པ་ཞིག་ཡིན། དེར་བརྟེན་བྱ་བ་བཟང་ངན་གང་ཞིག་དང་དཀའ་སྡུག་འདྲ་མིན་སྣ་ཚོགས་ལ་འཕྲད་ཀྱང་བློ་རྒྱ་ཆེར་བསྐྱེད་དང་བསམ་བློ་གུ་ཡངས་པོར་གཏོང་རྒྱུ་དེ་དཀའ་སྡུག་གི་འགག་འཕྲང་བརྒལ་བའི་ཐབས་མཆོག་དང་རང་གི་ལུས་སེམས་བདེ་ཐང་ཡོང་བའི་སྨན་མཆོག་ལྟ་བུ་ཡིན།

གཅིག་ནས། ནར་སོན་པ་བསྟུན་ནས་རིམ་བཞིན་སློབ་སྦྱོང་གི་དཀའ་སྡུག་དང་གོ་བ་མི་ལོན་པའི་སེམས་ཁྲལ། གཞན་གྱི་རྗེས་མི་ཟིན་པའི་སྡུག་བསྔལ་སོགས་སེམས་ལས་སྣ་ཚོགས་འབྱུང་སྲིད་ཅིང་། དེ་དག་ལ་ཡང་དག་པའི་ངོས་འཛིན་གྱི་བསམ་བློ་དཀྱེལ་ཡངས་པོར་མ་བཏང་ན་སེམས་ཁམས་ཀྱི་ནད་རིགས་སྣ་ཚོགས་ལུས་ལ་འབྱུང་བའི་རྐྱེན་དུ་འགྱུར་བ་ཡིན། དེས་ན་མི་ཞིག་ལ་མཚོན་ན། ལྷན་སྐྱེས་ཀྱི་རིག་པ་བཟང་ངན་སོགས་ཕྱི་ནང་གི་ཆ་རྐྱེན་གང་མང་གིས་ཤེས་བྱ་ཡོན་ཏན་གྱིས་ཕྱུག་མིན་སྣ་ཚོགས་ཡོང་སྲིད་པས། ཐོག་མ་ནས་བློ་ཁོག་ཡངས་པོས་ངོས་འཛིན་ཡང་དག་པ་བྱས་ནས་དགོས་མེད་འགྲན་རྩོད་གྱི་ངལ་བས་མ་མནར་བར་བྱེད་དགོས། སློབ་སྦྱོང་བྱས་ནས་ཤེས་བྱ་ཡོན་ཏན་སྦྱོང་རྒྱུ་དེ་མི་ཞིག་ལ་མཚོན་ན་མི་ཚེ་ཧྲིལ་བོར་མེད་ཐབས་མེད་པའི་མི་ཚེའི་ལམ་གྲོགས་དང་བརླག་ཏུ་མེད་པའི་རྒྱུ་ནོར་འཚོལ་སྒྲུབ་བྱས་པ་ལྟ་བུ་ཞིག་ཡིན་པས། བློ་རྒྱ་ཆེར་བསྐྱེད་ཀྱིས་གཞོན་དུས་སློབ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པ་ཤེས་དགོས།

གཉིས་ནས། ལང་ཚོ་སྨིན་པ་དང་བསྟུན་ནས་གཞོན་ནུ་ཕོ་མོའི་བར་ལ་བརྩེ་དུང་གི་ཕོག་ཐུག་སྣ་ཚོགས་འཁེལ་སྲིད་པ་དེ་ཡང་སྤྱི་ཚོགས་འགལ་འདུའི་ཕུང་བོར་གྲུབ་པའི་ཉེར་ལེན་ལྟ་བུ་ཞིག་ཡིན་མོད། བརྩེ་དུང་ལ་དགོས་མེད་ཀྱི་སྟོང་བསམ་མི་བཅངས་ཤིང་། ཕ་རོལ་པོར་མི་ཆོས་ཚད་མཐུན་གྱི་བརྩི་འཇོག་གང་ལེགས་བྱས་ནས་བརྩེ་་དུང་གི་མཇུག་འབྲས་ལྷག་རྒྱུར་སྔོན་ནས་ཡིད་གཟབ་དང་། བརྩེ་དུང་གི་བསླུ་བྲིད་ཐེབས་པར་དོགས་ཟོན། བརྩེ་དུང་གི་འགལ་བ་འབྱུང་རྒྱུར་སྔོན་འགོག་བཅས་བྱས་ནས། བརྩེ་དུང་གི་རྐྱེན་གྱིས་དགོས་མེད་ཀྱི་སེམས་ཁྲལ་དང་། སྡུག་བསྔལ་འབྱུང་རྒྱུར་སྔོན་ནས་གྲ་སྒྲིག་ཡོད་པར་བྱེད་དགོས། གལ་ཏེ་བསམ་ཡུལ་ལས་འདས་པའི་བརྩེ་དུང་གི་ཕོག་ཐུག་ཐེབས་ཀྱང་ཚད་ལས་བརྒལ་བའི་སྡུག་བསྔལ་དང་། སྡུག་བསྔལ་དེ་ལས་ཡུན་རིང་ཐར་མི་ཐུབ་པ་བཅས་བྱེད་མི་ཉན་པར། སྤྱི་ཚོགས་ཀྱི་འགལ་ཟླའི་ཆོས་ཉིད་ལ་བསམ་གཞིགས་བྱེད་ཤེས་དགོས་པ་དང་། འདུས་པའི་མཐའ་མ་འབྲལ་བའི་འཇིག་རྟེན་གྱི་ཆོས་ཉིད་ལ་ཤེས་རྟོགས་བྱེད་དགོས།

གསུམ་ནས། མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད། མི་གཞན་གྱི་ཁོང་ཁྲོ་སློང་བ་དང་། འདྲ་མཉམ་མིན་པའི་གནས་ཚུལ་འབྱུང་བ། མཐོང་ཆུང་འཕྱ་དམོད་ཀྱི་སྣང་ཚུལ་སོགས་གང་མང་ལ་འཕྲད་ངེས་ཤིང་། ཐ་ན་རང་གི་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུའང་དགའ་སྡུག་སྣ་ཚོགས་ལ་འཕྲད་སྲིད་པས། མ་གཞི་ནས་དོ་མི་སྙོམ་པའི་སྤྱི་ཚོགས་ཀྱི་ཆོས་ཉིད་དེ་དག་ལ་གོ་བ་ཡང་དག་བླངས་ནས་བློ་རྒྱ་ཆེར་བསྐྱེད་ཀྱིས་དོན་མེད་དུ་ཁོང་ཁྲོ་སྐྱེ་རྒྱུར་ཚོད་འཛིན་དང་། མི་གཞན་གྱི་སྐད་ཆར་གདེང་འཇོག་འོས་འཚམས་བྱེད་པ། དོན་མེད་དུ་མི་གཞན་གྱི་མི་གཤིས་ལ་དམའ་འབེབས་མི་གཏོང་ཞིང་། དགོས་མེད་ཀྱི་ཚིག་མཚོན་གང་བྱུང་དུ་མི་ལབ་པར་ཡ་རབས་གུས་ཞབས་ཀྱི་སྐད་ཆ་བཤད་རྒྱུར་གོམས་དགོས་པ། མི་གཞན་ལ་བརྩི་འཇོག་དང་བརྩི་བཀུར་བྱས་ནས་རང་ཉིད་ཀྱི་ཁོར་ཡུག་ཚང་མ་འཆམ་མཐུན་གྱི་རྣམ་པ་ཆགས་པར་བྱེད་ཐུབ་ཚེ། རང་གི་ལུས་སེམས་བདེ་ཐང་ཡོང་བ་ཁོ་ཐག་ཡིན། དེ་ལས་ལྡོག་སྟེ་ཁོང་ཁྲོ་ལངས་ན་ཀླད་ཆེན་ལ་ཕོག་ཐུག་ཆེན་པོ་ཐེབས་སྟེ་ཀླད་ཁྲག་ཤོར་བ་སོགས་ཉེན་ཁ་ཚབས་ཆེན་བཟོ་བར་བྱེད་པ་དང་། གཞན་ཡང་ཁོང་ཁྲོ་ཡིས་སྙིང་རྩ་འགག་པའི་ནད་སོགས་དོན་ལྔ་སྣོད་དྲུག་གི་བྱེད་ལས་ལ་གནོད་པས། རྒྱུན་དུ་ཁོག་རྒྱ་ཆེན་པོས་བཟོད་པ་སྒོམ་ཐུབ་ན། ལུས་སེམས་བདེ་ཐང་ལ་ཕན་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན།།

《བདེ་སྲུང་རྒྱུན་ཤེས》ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ།