ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་བྱ་བའི་གྲོས་ཚོགས་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཤིང་། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། བསྟུད་མར་ཕྱི་ཡོང་འགོག་སྲུང་དང་ནང་ཁུལ་དུ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་བྱ་བ་དམ་འཛིན་གང་ལེགས་བྱེད་པ་དང་། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོ། མི་ཚོགས་གཙོ་བོའི་གནད་འཁེལ་འགོག་སྲུང་ལ་ཤུགས་སྣོན་བྱས་ཏེ། ཆད་ལྷག་མེད་པར་བྱས་ནས་རྒྱུན་རྣམ་ཅན་གྱི་འགོག་སྲུང་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་གཅིག་གྱུར་བཀོད་འདོམ་བྱེད་དགོས་ཟེར།
གྲོས་ཚོགས་ནས་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་གནས་བབ་སྤྱི་ཕྱོགས་ནས་ཅུང་གཏན་འཇགས་ཡིན་ཡང་། ཉེ་ལམ་ཧེ་ལུང་ཅང་དང་ཅི་ལིན། ཝུའུ་ཧན་བཅས་སུ་གཅིག་འདུས་རང་བཞིན་གྱི་རིམས་ནད་འབྱུང་བཞིན་ཡོད་པས། རིམས་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་ལས་འགན་ལ་ཧ་ཅང་དཀའ་ཚེགས་ལྡན་པས། སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་། འབྲེལ་ཡོད་ས་ཁུལ་གྱིས་ཆད་ལྷག་གི་རྩད་ཞིབ་བྱ་བ་སྤེལ་ཏེ་གང་མགྱོགས་སྒོས་འགོད་ནད་ཀྱི་འབྱུང་ཁུངས་རྙེད་ནས་ཕན་ཚུན་འགོ་བར་ཚོད་འཛིན་བྱེད་དགོས། ནད་རྟགས་མི་གསལ་བའི་ནད་པའི་ཞིབ་བཤེར་བྱ་བ་དེ་ཚད་གཞི་ནན་སྲུང་བྱས་ནས་བསྐྱར་ཞིབ་བྱེད་པ་དང་འགོག་སྲུང་བྱ་བར་ཆད་ལུས་མེད་པར་འགན་སྲུང་བྱེད་དགོས་ཟེར།
གྲོས་ཚོགས་ནས་ས་ཁུལ་སོ་སོས་རྒྱུན་རྣམ་ཅན་དང་ཡང་དག་ཅན་གྱི་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ཞིང་། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་མངོན་གསལ་གྱིས་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱེད་པ་ལས་གསང་བ་བྱེད་པ་སོགས་ཀྱི་སྣང་ཚུལ་གཏན་ནས་ཡོད་མི་རུང་། ནན་ཏན་གྱིས་དབྱར་ཁའི་རིམས་འགོག་གི་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་ལ་ཞིབ་འཇུག་དང་མི་སྒེར་གྱི་འགོག་སྲུང་བྱ་བར་མཛུབ་སྟོན་གང་ལེགས་བྱེད་དགོས། མིག་སྔར་རྒྱལ་ཁབ་རེ་འགས་རིམ་བཞིན་དུ་ཚད་བཀག་རང་བཞིན་གྱི་བྱེད་ཐབས་ཇེ་ལྷོད་དུ་གཏོང་བཞིན་ཡོད། ཕྱི་རྒྱལ་གྱི་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ཏེ། མི་སྣའི་འགྲོ་འོང་དང་དཔལ་འབྱོར་མཉམ་ལས་ཇེ་མང་དུ་འགྲོ་བའི་གནས་ཚུལ་དང་འཚམ་པར་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཡོང་འགོག་སྲུང་བྱེད་ཐབས་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་བསྟན་དོན། ས་ཁུལ་སོ་སོས་རྒྱུན་རྣམ་ཅན་གྱི་འགོག་སྲུང་འོག་ཐོན་ལས་དང་ཚོང་རའི་སླར་གསོ་བྱེད་པའི་ནུས་ལྡན་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། མི་སྣའི་འཁོར་རྒྱུག་དང་དཔལ་འབྱོར་འཁོར་རྒྱུག་རྒྱུན་ལྡན་ཡོང་བར་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་འཚོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་སླར་གསོའི་བྱ་བར་སྐུལ་འདེད་གང་ལེགས་བྱེད་པ། ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་བཀག་རྒྱའི་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱས་ནས། དཔལ་འབྱོར་སླར་གསོ་འབྱུང་བར་སྐུལ་འདེད་བཏང་སྟེ་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཐད་ཐེབས་པའི་ཤུགས་རྐྱེན་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་དགོས་ཟེར།
མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། ཧོང་ཁོན་མེན། ཚེ་ཆི། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། འབྲུག་མོ།