མཱ་ཅི་ཞའོ་ཡིས་དབང་བོ་སྐྱོན་ཅན་གྱི་མི་སྣར་འཚམས་འདྲི་བྱས།
2020.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆའོ་ཐོའུ་གྲོང་རྡལ་ཧྲང་ཀོན་སྡེ་བ་དང་། མཚོ་སྔོན་ཀོང་ཐའེ་ལྕགས་རིགས་རྒྱུ་ཆ་གསར་པའི་ཚད་ཡོད་ཀུང་ཟི། ཧོང་ཀྲུང་རྫོང་དབྱི་ལེ་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཅས་སུ་སོང་ནས་དབང་པོ་སྐྱོན་ཅན་གྱི་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དུས་ཆེན་གྱི་སྨོན་འདུན་དང་བརྩེ་བའི་འཚམས་འདྲི་བྱས། ཁོང་གིས་བྱམས་བརྩེའི་ངང་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་པ་དང་འབྲེལ་ཡོད་སྡེ་ཁག་ལ་ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱེད་དགོས་པའི་མངག་བཅོལ་གནང་།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“དབང་པོ་སྐྱོན་ཅན་དབུལ་ཐར་ལ་རོགས་རམ་བྱས་ཏེ་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་དགོས”ཞེས་པ་དེ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུའི་ཐད་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དབང་པོ་སྐྱོན་ཅན་གྱི“ཁྱིམ་མི”ཡག་པོ་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་སྲུང་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལས་ཀ་ལེགས་པར་བསྒྲུབ་དགོས། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། དབང་པོ་སྐྱོན་ཅན་ལ་གཅིག་བསྡུས་ཀྱིས་ལས་ཞུགས་བཀོད་སྒྲིག་བྱེད་པའི་ཁེ་ལས་ཀྱིས་ཐོན་སྐྱེད་བདེ་འཇགས་དེ་ཨང་དང་པོར་འཇོག་དགོས་པ་དང་། ངལ་རྩོལ་ནུས་པ་ཡོད་པའི་དབང་པོ་སྐྱོན་ཅན་ལ་ཧུར་ཐག་གིས་ལས་ཞུགས་བཀོད་སྒྲིག་བྱས་ཏེ་ཁོ་ཚོར་རྩལ་ནུས་ལག་རྩལ་གསོ་སྦྱོང་མཁོ་འདོན་དང་། ཐབས་བརྒྱ་ཇུས་སྟོང་གིས་དབང་པོ་སྐྱོན་ཅན་ལ་དངོས་དོན་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་དགོས། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་དབང་པོ་སྐྱོན་ཅན་ལ་ཕན་བདེ་བསྐྲུན་ཏེ་ཁོང་ཚོའི་འཚོ་བར་སྔར་ལས་ལ་རྒྱ་ལྡན་པ་དང་སྔར་ལས་སྤུས་ཚད་ལྡན་པ། སྔར་ལས་ངོ་སོ་ཆེ་བ། སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས། རྒྱ་ཆེའི་དབང་པོ་སྐྱོན་ཅན་རྣམས་ཀྱིས་རང་བཀུར་དང་། རང་ལ་ཡིད་ཆེས། རང་མགོ་རང་ཐོན། རང་རྐྱ་འཕེར་བ་བཅས་བྱས་ཏེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་དང་། ཧུར་བརྩོན་དང་སྤྲོ་སྣང་གི་སེམས་ཁམས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བསུ་མ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།