མ་བུ་བདེ་སྲུང་གི་གལ་ཆེན་རང་བཞིན།
2020.06.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

མ་བུ་བདེ་སྲུང་གི་བྱ་བ་ནི་མིའི་རིགས་ཡོངས་ལ་དམིགས་པའི་ལས་དོན་ཆེན་པོ་ཞིག་སྟེ། རྒྱལ་ཁབ་དང་མི་རིགས་ཤིག་གི་མ་འོངས་པའི་ཆ་ནས་གླེང་ན། དེའི་མ་འོངས་པའི་དཔུང་སྡེ་དང་གཏད་སོ་ནི་བྱིས་པའི་ཚོགས་ཡིན་ལ། དེ་དག་ཐ་མལ་ནད་མལ་ཀྱིས་མི་ཚེ་འདིར་འོང་མིན་ནི་འཇིག་རྟེན་གྱི་ཨ་མ་ལ་ལྷག་པར་རག་ལས་ཤིང་། དེ་ནས་ཐ་མལ་ནད་མེད་ཀྱིས་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་སྟེ། རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་པའི་མི་ཞིག་ཏུ་འགྱུར་མིན་གྱི་འགགས་རྩ་ནི་བྱིས་པའི་བདེ་སྲུང་བྱ་བ་དང་ཚུལ་མཐུན་གྱི་སློབ་གསོ་ལ་རག་ལས་པ་ཞིག་ཏུ་མཐོང་། ཆོས་དང་འཇིག་རྟེན་གང་ཞིག་སྒྲུབ་ཀྱང་དེའི་མཐུན་རྐྱེན་ནམ་རྟེན་གཞི་ལྟ་བུ་ནི་ཐ་མལ་ནད་མེད་ཀྱི་ལུས་སེམས་རྒྱུན་སྲིང་བ་དེ་ཡིན་ལ། དེ་ལྟར་འོང་ན་ད་གཟོད་དར་མའི་སྐབས་དང་རྒན་པའི་སྐབས་སུའང་བདེ་ཐང་རྒྱུན་འཁྱོངས་བྱེད་ནུས་པའི་སྔོན་འགྲོར་འགྱུར་ནུས་ལ། དེ་ལྟར་མིན་པར་ཆུང་དུས་ཀྱི་བདེ་ཐང་ཇི་བཞིན་མ་ནུས་པར་དང་ལྷོད་ཤོར་ན་དར་མའི་དུས་སུ་དེས་ཤུགས་རྐྱེན་བྱེད་ཅིང་དེའི་དབང་གིས་བྱ་བའི་ལས་སྣེ་གང་དུ་ཡང་ལས་ཀ་བཟང་བོ་ཞིག་བྱེད་པའི་སྐབས་མེད་ལ། དེ་བཞིན་ལོ་ན་རྒས་ནས་ཀྱང་ནད་དང་སྡུག་བསྔལ་མང་པོའི་སྣ་འདྲེན་དུ་གྱུར་ནས་དཀའ་ལས་མི་ཉུང་བ་ཞིག་འབྱུང་བཞིན་པ་མིག་མཐོང་ལག་ཟིན་ཏུ་ཡོད་པ་དེ་ལྟར་རེད། བདེ་སྲུང་གི་ལས་ཀ་གཉེར་མཁན་དང་མང་ཚོགས་ཏེ་ཕྱོགས་གཉིས་ཀའི་བརྩོན་འགྲུས་དང་འཆར་གཞི་བཟང་པོ་བྱུང་ནས། ཐོག་མར་ཨ་མའི་བདེ་སྲུང་ལེགས་པར་འོང་། དེ་ནས་བྱིས་པའི་ལུས་སེམས་གཉིས་ཀའི་འཚར་ལོངས་ཚུལ་བཞིན་བྱུང་ན། སྤྱི་ཚོགས་ཀྱི་གྲུབ་ཆ་ལེགས་པོ་ཞིག་རང་ཤུགས་ཀྱིས་འོང་སྟེ། གཅིག་ཏུ་ན་བདེ་ཐང་གི་རིན་ཐང་གི་སྟེང་ནས་གོང་དུ་གླེང་ཟིན་པ་ལྟར་ཤིན་ཏུ་གལ་ཆེ་བ་དང་། གཉིས་ནས་མི་རིགས་དང་རྒྱལ་ཁང་ཀྱི་མདུན་ལམ་གྱི་སྟེང་ནས་དཔེ་བཞག་ན། ཞ་སྒུར་འོན་པ་དང་དབང་པོ་སྐྱོན་ཅན་མེད་པ་དང་། སེམས་ཁམས་ཀྱི་ནད་མེད་པས་སྤྱི་ཚོགས་ཀྱི་ཉེས་ཅན་རྐུན་མ་ཇག་པ་འཁྱམ་པོ་འགོག་པའི་སྒོ་ལྟ་བུའང་འདི་ཡིན། རྒྱལ་ཁབ་ཞིག་ལ་མཚོན་ན། དེའི་མི་གྲངས་ཡོངས་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ངོས་ནས་བཤད་ན། ན་བ་གསོ་བའི་སྨན་ཁང་ཇེ་མང་དུ་འཕེལ་ཞིང་དེའི་ཡོང་སྒོ་མང་བ་ནི་ལྟས་ངན་པ་ཞིག་དང་། འཕྲོད་བསྟེན་བདེ་སྲུང་གླིང་མང་དུ་བྱུང་ཞིང་དེས་ཕན་ཐོགས་ཏེ་སྨན་ཁང་ཇེ་ཉུང་དུ་སོང་ནས་རྒྱལ་ཁབ་ཀྱི་ཡོང་འབབ་སྨན་ཁང་ནས་ཐོན་པ་མིན་པར། བདེ་ཐང་གི་མི་རྣམས་ཐོན་སྐྱེད་ནུས་ཤུགས་སུ་གྱུར་ནས་འོང་བའི་ཡོང་འབབ་ནི་ཆེས་བཟང་བ་དང་། ཕུགས་དང་རྒྱུན་རིང་བ་གངས་རིའི་དབུས་ནས་རྡོལ་བའི་ཆུ་མིག་བཞིན་ནོ། དེ་བས་སྤྱི་ཚོགས་ཀྱི་ལས་སྒོ་དང་ཚོགས་ཁག་སོགས་ཟུར་གང་ཞིག་གི་སྟེང་ནས་བལྟས་ཀྱང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་བླ་ན་མེད་པར་མཆིས་པས་ན། བདེ་སྲུང་བྱ་བ་འདི་གལ་ཆེ་ལ་ནང་སྒོས་མ་བུའི་འཕྲོད་བསྟེན་བདེ་སྲུང་ཤིན་ཏུ་གལ་ཆེ་བ་ཡིན།།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ཞེས་པའི་དཔེ་དེབ་ལས་དྲངས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།