ཏེན་རྫས་དཀོན་པ་ལས་བྱུང་བའི་ནད་རིགས་སྔོན་འགོག་བྱེད་ཐབས།
2020.06.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

ཅི་ཞིག་ལ་ཏེན་རྫས་དཀོན་པའི་ནད་རིགས་ཟེར།

ཏེན་ནི་ལུས་སྟེང་དུ་མེད་མི་རུང་བའི་འཚོ་བཅུད་དངོས་རྫས་རིགས་ཤིག་ཡིན། ཏེན་རྫས་དཀོན་པའི་ནད་རིགས་ཞེས་པ་ནི་རང་བྱུང་ཁོར་ཡུག་ལ་ཏེན་དཀོན་པ་ལས་མི་ལུས་ལ་གནོད་འཚེ་ཐེབས་པ་ཞིག་ལ་ཟེར། དེའི་མངོན་རྟགས་གཙོ་བོ་ནི་ནད་རིགས་སྣ་ཚོགས་ཤིག་སྟེ། ས་གནས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་དང་། ས་གནས་རང་བཞིན་གྱི་མིའུ་ཐུང་ནད། ས་གནས་རང་བཞིན་གྱི་མིའུ་ཐུང་ཕལ་བའི་ནད་དང་། མངལ་ཆགས་པར་ཤུགས་རྐྱེན་ཐེབས་ནས་མངལ་མི་ཆགས་པ་དང་། བྱིས་པ་སྐྱེ་ཚད་ལ་མ་ཐོན་གོང་སྐྱེས་པའམ་ཤི་བ། ལྷན་སྐྱེས་ཀྱི་ཡ་མ་གཟུགས་སྐྱེས་པ་སོགས་ཐམས་ཅད་ཏེན་རྫས་དཀོན་པའི་ནད་རིགསརེད།

ཏེན་རྫས་ཀྱིས་མ་འདང་ན་རིག་སྟོབས་རྒྱས་པར་གནོད་པ་ཆེན་པོ་ཐེབས་སྲིད།

ཏེན་ནི་ལུས་ཕུང་འཚར་ལོངས་འབྱུང་བར་ངེས་པར་དུ་མཁོ་བའི་ཚད་ཉུང་འཚོ་བཅུད་མ་རྒྱུ་ཡིན་པ་དང་། བྱིས་པ་མངལ་དུ་གནས་པའི་སྐབས་དང་ཡང་ན་སྐྱེས་རྗེས་ཀྱི་རློན་ནུའི་་སྐབས་དང་དེ་ལས་ཅུང་ཆེ་བའི་སྐབས་ནི་བྱིས་པའི་ཀླད་པ་འཚར་ལོངས་འབྱུང་བའི་དུས་སྐབས་གཙོ་བོ་ཡིན་པས། དུས་སྐབས་དེར་ཏེན་རྫས་ཀྱིས་མ་འདང་ན་བྱིས་པའི་ཀླད་པ་རྒྱུན་ལྡན་སྒོས་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས་ནས། སླར་སོས་དཀའ་བའི་རིག་སྟོབས་ཉམས་པའི་ནད་འབྱུང་སྲིད།

ཉེ་བའི་ལོ་འགའི་རིང་ལ་ཞིབ་འཇུག་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། ཏེན་རྫས་ཀྱིས་མ་འདང་བ་ལས་རིག་སྟོབས་ཅུང་ཉམས་ཞན་དུ་གྱུར་བ་དེ་ཧ་ཅང་ཡོངས་ཁྱབ་ཏུ་གནས་ཡོད་ལ། སྣང་ཚུལ་དེར་མི་རྣམས་ཀྱིས་རྒྱུན་པར་དོ་སྣང་དང་མཉམ་འཇོག་བྱེད་ཀྱིན་མེད་པ་རེད། རིག་སྟོབས་ཅུང་ཉམས་ཞན་དུ་གྱུར་པའི་མིར་བལྟས་ཚོད་ཀྱིས་ཕལ་ཆེར་རྒྱུན་ལྡན་གྱི་མི་དང་འདྲ་བར། རྩིས་སླ་མོ་རེ་རྒྱག་ཐུབ་པ་དང་ངལ་ལས་ཙག་ཙིག་རེ་བྱེད་ཐུབ་མོད། འོན་ཀྱང་བྱ་བའི་ལས་ཆོད་ཧ་ཅང་དམའ།

དུས་ཡུན་རིང་པོར་ཏེན་རྫས་དཀོན་པའི་ས་ཁུལ་དུ་འཚོ་བ་རོལ་བ་དང་། ཏེན་རྫས་འདང་ཚིམ་པ་ཞིག་ཁ་གསབ་བྱེད་མ་ཐུབ་པའི་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་ཁ་ཤས་ཀྱི་རིག་སྟོབས་དེ་ཏེན་རྫས་ཀྱིས་འདང་བའི་ས་ཁུལ་གྱི་ན་མཉམ་སློབ་མ་དག་དང་བསྡུར་ན་མངོན་གསལ་སྒོས་དམའ་བ་རེད། ཁོ་ཚོས་སློབ་སྦྱོང་ལ་འབད་པ་ཇི་ལྟར་བྱས་རུང་། དྲན་ཤེས་ཀྱི་ནུས་པ་མི་བཟང་བས་སློབ་སྦྱོང་གི་གྲུབ་འབྲས་སྔར་ལྟར་ཇེ་ལེགས་སུ་འགྲོ་མི་ཐུབ། ལག་ཆགས་རྗེས་ཀྱང་རྙོག་འཛིང་ཆེ་བའི་ཤེས་བྱ་དང་ནུས་རྩལ་ཁོང་དུ་ཆུད་དཀའ།

ཏེན་རྫས་དཀོན་པ་ཚབས་ཆེ་ན། གླེན་པ་དང་གཟའ་རོ་སོགས་རིག་སྟོབས་ཆེས་ལྡིབ་པའི་ནད་འབྱུང་སྲིད། མི་དེ་དག་གིས་འཚོ་བའི་སྟེང་རང་ཁ་རང་གསོ་བྱེད་མི་ཐུབ་པས། ཁྱིམ་ཚང་དང་སྤྱི་ཚོགས་ལ་ཁག་ཁུར་ཆེན་པོ་བཟོ་སྲིད།

ཏེན་རྫས་དེ་མི་རྣམས་ཀྱིས་རིག་སྟོབས་རྒྱས་བྱེད་ཀྱི་རྒྱུ་ཆར་བརྩི་བཞིན་ཡོད་པ་དང་། ནམ་ཞིག་ཏེན་རྫས་ཀྱིས་མ་འདང་ན་རིག་སྟོབས་ཇེ་ཞན་དུ་འགྲོ་བའམ་ཡང་ན་ཡོངས་སུ་ཉམས་ནས་སླར་གསོ་དང་གསོ་བཅོས་བྱེད་ཐབས་མེད་པ་རེད། དེར་བརྟེན་ཏེན་རྫས་ཁ་གསབ་བྱེད་པ་གཙོར་བཟུང་ནས། ཏེན་རྫས་དཀོན་པ་ལས་བཟོས་པའི་རིག་སྟོབས་ཉམས་པའི་ནད་རིགས་སྔོན་འགོག་བྱེད་དགོས།

སྦྲུམ་མར་ཏེན་གྱིས་མ་འདང་ན་བྱིས་པ་ཟླ་མ་ལོངས་པར་སྐྱེས་པ་དང་མངལ་ཤོར་བ། མངལ་དུ་ཤི་བ། བྱིས་པ་རིག་ལྡིབ་བཅས་སྐྱེས་སྲིད།

མངལ་སྦྲུམ་པའི་སྐབས་དང་ནུ་མ་བསྣུན་བཞིན་པའི་སྐབས་ཀྱི་བུད་མེད་དང་། བྱིས་པ་རློན་ནུ་དང་དེ་ལས་ཀྱང་ཅུང་ཆེ་བའི་བྱིས་པ་རྣམས་ལ་ཏེན་རྫས་མཁོ་ཚད་དེ་མི་གཞན་རྣམས་ལས་མང་བས། སྐབས་དང་བསྟུན་ནས་ཏེན་རྫས་འོས་འཚམས་ཀྱིས་ཁ་སྣོན་བྱེད་དགོས།

ཏེན་རྫས་ནི་ལུས་སྟེང་དུ་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་མཉམ་བསྲེས་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་དང་། མངལ་སྦྲུམ་པའི་སྐབས་སུ་བུད་མེད་ཀྱི་ལུས་སྟེང་དུ་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་སྔར་ལས་མང་པོ་དགོས་པས། ཏེན་རྫས་ཀྱི་ཚད་ཀྱང་དེ་དང་བསྟུན་ནས་མང་པོ་དགོས་པ་རེད།

ཏེན་རྫས་ཀྱིས་བྱིས་པ་མངལ་དུ་གནས་པའི་སྐབས་སུ་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་མཉམ་བསྲེས་བྱེད་པར་ནུས་པ་གལ་ཆེན་བསྐྱེད་ཐུབ་པ་དང་། ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་དེ་ཡང་བྱིས་པ་མངལ་དུ་ལག་ཆགས་པ་དང་། ལྷག་པར་དུ་བྱིས་པའི་ཀླད་པ་འཚར་སྐྱེ་འབྱུང་བའི་དངོས་རྫས་གལ་ཆེན་ཞིག་ཡིན་པས། མངལ་གནས་བྱིས་པའི་དུས་སུ་ཏེན་རྫས་ཀྱིས་མ་འདང་ན་ཀླད་པ་འཚར་སྐྱེ་འབྱུང་བར་བར་ཆད་ཐེབས་སྲིད།

མངལ་གནས་བྱིས་པར་དགོས་པའི་ཏེན་རྫས་དེ་ཨ་མའི་ལུས་སྟེང་ནས་ཐོན་དགོས་པས། སྦྲུམ་མ་དང་ནུ་མ་བསྣུན་བཞིན་པའི་བུད་མེད་ཀྱིས་ཏེན་རྫས་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས།

བྱིས་པ་མངལ་དུ་གནས་པའི་སྐབས་དང་སྐྱེས་རྗེས་ཀྱི་ལོ་གཉིས་ཚུན་ནི་བྱིས་པའི་ཀླད་པ་འཚར་སྐྱེ་འབྱུང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། དུས་སྐབས་དེར་ཏེན་རྫས་ལ་དོ་སྣང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

མིའུ་ཐུང་ནད་ནི་བྱིས་པ་མངལ་དུ་གནས་པའི་སྐབས་སུ་ཏེན་རྫས་ཀྱིས་མ་འདང་བའི་གནས་ཚུལ་ཚབས་ཆེན་བྱུང་བས། མངལ་གནས་བྱིས་པའི་དབང་རྩའི་མ་ལག་འཚར་ལོངས་འབྱུང་བར་མི་ལེགས་པའི་ཤུགས་རྐྱེན་ཐེབས་པ་རེད། དེ་བས་བྱིས་པ་གླེན་པ་དང་གཟུགས་གཞི་ཐུང་བ། ལྐུགས་པ། ཞ་བོ་སོགས་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་སྲིད།

སྦྲུམ་མར་ཏེན་རྫས་ཀྱིས་མ་འདང་ན་ད་དུང་བྱིས་པ་ཟླ་མ་ལོངས་པར་སྐྱེས་པ་དང་། མངལ་ཤོར་བའམ་ཤི་བ། ཡང་ན་བྱིས་པ་རིག་ལྡིབ་དང་དབང་བོ་སྐྱོན་ཅན་བཅས་སྐྱེ་སྲིད།

ཞིབ་འཇུག་གང་མང་བྱས་པ་ལས་ཏེན་རྫས་ཀྱིས་མ་འདང་བའི་མི་དང་། ལྷག་པར་དུ་ཏེན་རྫས་དཀོན་པའི་ས་ཁུལ་གྱི་སྦྲུམ་མ་དང་ནུ་མ་བསྣུན་བཞིན་པའི་བུད་མེད་དང་བྱིས་པར་ཏེན་རྫས་ཁ་གསབ་བྱས་ན། བྱིས་པའི་རིག་སྟོབས་དང་གཟུགས་ཀྱི་རིང་ཐུང་། ལུས་ཀྱི་ལྗིད་ཚད་བཅས་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་ཐུབ་ལ། ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སྐྱེ་ཚད་ཀྱང་ཚད་ཆེན་པོས་ཇེ་ཉུང་དུ་གཏོང་ཐུབ་པ་བདེན་དཔང་བྱས་ཡོད།

མངལ་སྦྲུམ་པའི་ལོ་ཚོད་དུ་ཐོན་པའི་བུད་མེད་རྣམས་ཀྱིས་སྔ་མོ་ནས་ཏེན་ཚྭ་བཀོལ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

ཏེན་རྫས་ཀྱིས་མ་འདང་ན་ཨོལ་གོང་གཤེར་རྨེན་སྐྲངས་སྲིད།

ཏེན་རྫས་ནི་མི་ལུས་ཀྱི་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་མཉམ་སྡེབ་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས། ཏེན་རྫས་ཀྱིས་མ་འདང་ན་ལུས་སྟེང་གི་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་མཉམ་སྡེབ་བཟང་པོ་བྱེད་མ་ཐུབ་པར། ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་ཇེ་མང་དང་ཨོལ་གོང་གཤེར་རྨེན་རྒྱུན་ཆད་མེད་པར་ཇེ་མང་དང་ཇེ་ཆེར་གྱུར་ནས། ཨོང་གོང་གཤེར་རྨེན་སྐྲངས་སུ་བཅུག་པ་རེད། དེ་ལ་ཡོངས་གྲགས་སུ་ཨོག་ལྦ་ཞེས་ཀྱང་ཟེར།

ཨོལ་གོང་གཤེར་རྨེན་སྐྲངས་པའི་ནད་པར་ན་ཟུག་ཆེན་པོ་ཡོད་པ་དང་། སྐྲངས་ཡོད་པའི་ཨོལ་གོང་གཤེར་རྨེན་གྱིས་མགོ་དང་སྐེ་འགུལ་སྐྱོད་བྱེད་པར་གནོད་པ་གཏོང་བ་མ་ཟད། ཐ་ན་དབུགས་ལེན་དཀའ་བ་དང་། སྐད་འགགས་པ། ལུས་ཤུགས་དང་རྣམ་རིག་མེད་པ། ལས་ཀ་ལྗིད་མོ་བཅས་ཀྱང་ལས་མི་ཐུབ་པ་ཡིན།

ཏེན་རྫས་དཀོན་པའི་ས་ཁུལ་དུ་འཚོ་བ་རོལ་བའི་མིས་རྒྱུན་དུ་ཏེན་བསྲེས་ཡོད་པའི་ཚྭ་ཁུ་བཀོལ་སྤྱོད་བྱེད་དགོས།

མི་གང་དག་གིས་ཏེན་བསྲེས་ཡོད་པའི་ཚ་ཁུ་ཟ་མི་ཉན་པ་དང་ཏེན་བསྲེས་མེད་པའི་ཚྭ་ཁུ་དེ་གང་དུ་བཙོང་རྒྱུ་ཡོད་དམ་ཞེ་ན།

ཨོལ་གོང་གཤེར་རྨེན་གྱི་ནད་པ་དང་། ཨོལ་གོང་གཤེར་རྨེན་གྱི་གཉན་ཚད་རྒྱས་ཡོད་པའི་ནད་པ་སོགས་མི་ཉུང་ཤས་ཤིག་གིས་ཏེན་བསྲེས་ཡོད་པའི་ཚ་ཁུ་བཀོལ་སྤྱོད་བྱེད་མི་ཉན་པ་ཡིན། རྫོང་ཁག་སོ་སོ་ན་ཏེན་བསྲེས་མེད་པའི་ཚྭ་ཁུ་བཙོང་ས་ཡོད།

ཏེན་རྫས་དཀོན་པའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།

ཁོར་ཡུག་ལ་ཏེན་རྫས་དཀོན་པའི་དབང་གིས་མི་རྣམས་ཀྱིས་དུས་ཡུན་རིང་པོར་ཏེན་རྫས་ཁ་གསབ་བྱེད་དགོས་ཤིང་། ཏེན་བསྲེས་པའི་ཚྭ་ཁུ་བཀོལ་སྤྱོད་བྱེད་པ་དེ་ཏེན་རྫས་ཁ་གསབ་བྱེད་པའི་བྱེད་ཐབས་ཆེས་བདེ་འཇགས་ཡིན་པ་དང་། ཕན་ནུས་ལྡན་པ། དཔལ་འབྱོར་གྱི་འགྲོ་སོང་ཉུང་བ། སྟབས་བདེ་བས་རང་རྒྱལ་གྱི་ཏེན་རྫས་དཀོན་པའི་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་བཟང་པོ་ཡིན།

ལོ་ཙཱ་བ། འབྲུག་མོ།