བོད་ལུགས་མ་བུ་བདེ་སྲུང་གི་བྱུང་འཕེལ།
2020.06.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

དེ་ཡང་འདས་པའི་དུས་སྐབས་སོ་སོའི་ནང་གི་གསོ་རིག་དར་ཚུལ་ལས་བྱེ་བྲག་མ་བུ་བདེ་སྲུང་སྐོར་གྱི་གཞུང་ལུགས་བྱུང་འཕེལ་དང་མང་ཚོགས་ཀྱི་ནང་དུ་ལག་ལེན་ཇི་ལྟར་བྱས་པའི་ཡིག་ཆ་དང་བསྟུན་ཏེ་ཅུང་ཟད་བཀོད་ན། དེ་ཡང་མྱུ་གུ་འབུས་པའི་དུས་སྐབས་དང་འཕེལ་རྒྱས་ཀྱི་དུས་སྐབས། རང་སོར་གནས་པའི་དུས་སྐབས། ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་དུས་སྐབས་བཅས་སྐབས་བཞིར་དབྱེ་ཆོག་པར་སེམས།

གཅིག  མྱུ་གུ་འབུས་པའི་དུས་སྐབས།དེ་ཡང་མི་དབང་པཎ་ཊི་ཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསོ་རིག་སྨན་གྱི་ཁོག་འབུབས》ལས། ཟས་ཕན་གནོད་ཤེས་ཙམ་དང་། རྨ་གསར་བ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད། ཅེས་གསུངས་པ་དེ་མཐོང་བ་དང་ཐོས་པ་ཙམ་གྱིས་ཀྱང་། རང་རེ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ཡང་ལོ་རྒྱུས་ཤིན་ཏུ་རིང་བོ་ཞིག་ཡོད་པ་ནི་རང་ཤུགས་སུ་བསྟན་ཡོད་པ་ཤེས་ཐུབ་ཅིང་། དེ་དག་གི་བདེན་དཔང་ནི་བོད་ཀྱི་ཐུན་མིན་གསོ་བ་རིག་པའི་གཞུང་རྒྱ་མཚོ་རྣམས་ལས། མར་ཁུ་ལ་བརྟེན་ནས་རྨ་བཅོས་པ་དང་། ཆང་གི་སྦང་མ་དག་ལ་བརྟེན་ནས་སྐྲངས་པ་འདུལ་བ་སོགས་ཀྱི་ལག་ལེན་ཕྲ་མོ་རེ་ཙམ་གྱིས་སྲོལ་རྒྱུན་ཡང་དག་པ་ནི། ཡང་དེ་རིང་གི་བར་དུ་བོད་ཀྱི་དམངས་ཁྲོད་དུ་མངོན་སུམ་གྱིས་དར་ཡོད་པ་སོགས་ཀྱིས་ངེས་ཤེས་གསལ་བོ་འདྲོང་ཐུབ་པ་ཡིན། དེས་ན་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་འདི་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་འབྲེལ་འདྲིས་དམ་ཟབ་ཡོད་ཅིང་། དེ་ལས་ལོགས་སུ་མ་འདས་པ་ཡིན་པ་ནི་དོན་གྱིས་ཀྱང་གྲུབ་པས། འདི་ན་རང་རེ་བོད་ཀྱི་ཡུལ་འདིར་མི་ན་བ་ཡུན་རིང་དུ་གནས་ཤིང་། ན་བ་གསོ་བར་བྱེད་པ་ཚེ་ཡི་རིག་བྱེད་འདི་ཐོག་མར་ཇི་ལྟར་བྱུང་ཚུལ་ནས་འཕེལ་རྒྱས་སུ་སོང་ཚུལ་ཕྲན་ཙམ་བརྗོད་པར་བྱ་སྟེ། རང་ཅག་རྣམས་ཀྱི་མེས་པོའི་ཐོག་མ་སྤྲ་མི་ཆགས་པ་ནས་བཟུང་སྟེ། རིམ་གྱིས་གནའ་རབས་ཀྱི་མིའི་འགྲོ་བ་རྣམས་ཆགས་ཏེ། རང་རང་གི་ལུས་དང་སྲོག་འཚོ་བའི་ཆེད་དུ་ཤིང་དང་རྡོ་ཆས་སོགས་ཀྱི་ཡོ་ཆས་གང་ལེགས་སྤྱད་ནས། ཞིང་ལས་དང་མཁར་ལས་ལ་སོགས་པའི་ཐོན་སྐྱེད་རྣམ་པ་སྣ་ཚོགས་བྱེད་ཅིང་། མེ་ཐབ་ཏུ་རོལ་བའི་མ་རྒྱུད་ཚོགས་པའི་དུས་རབས་ནས་རིམ་བཞིན་ཕོ་མོ་ཁྱོ་ཤུག་ཏུ་བསྡེབས་ནས་འཚོ་བ་མཉམ་རོལ་དང་། མཐར་ཕ་ཚན་གཅོད་པའི་རུས་རྒྱུད་འདེད་ལུགས་བྱུང་ནས་བཟའ་དཔོན་བྱུང་བ་དང་། རུས་རྒྱུད་མཐུན་པ་རྣམས་མཉམ་སྡོད་བྱས་པ་ལས་ཚོ་བ་ཆེ་ཆུང་བྱུང་བ་དང་། ཚོ་བ་དེ་དག་ལ་ཚོ་དཔོན་བྱུང་བ་ནས་མཐར་དེ་དག་བར་ལ་འགལ་རྐྱེན་སྣ་ཚོགས་ཀྱིས་ཕན་ཚུན་འཁྲུག་རྩོད་བྱུང་ཞིང་། རིམ་གྱིས་ལག་རྩལ་དང་བསྟུན་པའི་མདའ་མདུང་རལ་གྲི་དག་གི་མཚོན་ཆ་དར་བ་དང་། ཞེ་ས་བྱེད་པའི་སྲོལ་རྒྱུན་དར་ཞིང་རེང་རེའི་གདོད་མའི་བོན་ལུགས་དུ་མ་བྱུང་། ཁྱད་པར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཐུག་གི་བར་དུ་རང་རེ་རྒྱ་ཆེའི་མང་ཚོགས་ཀྱིས་ས་གནས་སོ་སོ་དང་བསྟུན་པའི་སྒོ་ནས་རང་བྱུང་དང་ནད་རིམས་སྣ་ཚོགས་ལ་འཐབ་པའི་ཉམས་མྱོང་སྟེ་རང་སྨན་དར་བ་ལས་བྱུང་བའི་ཕྱོགས་བསྡོམས་ཀྱི་རང་བཞིན་ལྡན་པའི་ཚེ་ཡི་རིག་བྱེད་རང་གསོ་རིག་པ་ཞེས་རང་ཉིད་བདེ་སྲུང་བྱེད་ཚུལ་དར་ཞིང་། དེ་ནས་སྤྱི་ལོའི་སྔོན་གྱི་ལོ་གྲངས1860ལྷག་ཙམ་ལ་ཞང་ཞུང་ཕུག་གི་ཕྱོགས་སུ་སྟོན་པ་གཤེན་རབ་བྱོན་པའི་སྐབས་སུ་ཁོང་གི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་ཤོས་དཔྱད་བུ་ཁྲི་ཤེས་སོགས་ཀྱིས་དེ་སྔོན་གྱི་ཚེ་ཡི་རིག་བྱེད་ལས་བྱུང་བའི་ཉམས་མྱོང་ཐམས་ཅད་ཕྱོགས་བསྡོམས་ཀྱིས་གང་ལེགས་རྣམས་བསྡུ་ལེན་བྱས་ནས《དུག་བཅོས་གཡུང་དྲུང་འཁྱིལ་བ》སོགས་བརྩམས་པ་དང་འབྲེལ་རྒྱུད་རིམ་ལྡན་པའི་བོད་ཀྱི་གསོ་རིག་གི་རྨང་གཞི་བརྟན་པོ་ཆགས་པ་ནས་བཟུང་རིམ་བཞིན་བོད་ཀྱི་གསོ་རིག་བསྟན་པའི་བདག་པོ་རྗེ་གཡུ་ཐོག་པ་དང་བྱང་ཟུར་རྣམ་གཉིས། ལྔ་བ་ཆེན་མོ། མཁྱེན་རབ་ནོར་བུ་སོགས་མཁས་གྲུབ་ལོ་པཎ་བྱང་སེམས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེ་རིང་གི་བར་དུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་འདི་བཞིན་ལགས་སོ།།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ཞེས་པའི་དཔེ་དེབ་ལས་དྲངས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།