ཟླ་བདུན་པའི་ཚེས་བཅུའི་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་འདུ་སྟེང་། རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། མ་འོངས་པར་རྨ་ལྷོ་ཁུལ་དུ་བོད་ལུགས་གསོ་རིག་དར་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་རིག་གནས་ཀྱི་ཕ་ས་བསྐྲུན་དགོས་པར་བསྟན།
ངོ་སྤྲོད་བྱས་པ་ལྟར་ན། རྨ་ལྷོ་ཁུལ་དུ་དཀར་པོ་ཆིག་ཐུབ་དང་ཅུམ་ལྕེ། ལྕུམ་རྩྭ། སྲད་དཀར་སོགས་སྨན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པས། “ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་ཐོན་སྐྱེད་བྱེད་ས”དང“ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་ཕུན་སུམ་ཚོགས་པའི་རང་བྱུང་རྟེན་རྫས་བཤམས་སྟོན་ཁང”ཞེས་བརྗོད་ཀྱིན་ཡོད་ལ། མིང་དོན་མཚུངས་པའི“སྨན་རྩྭའི་ཐོན་ཁུལ”དུ་གྱུར་ཡོད། རྨ་ལྷོ་ནི་ཨ་མདོ་ས་ཁུལ་གྱི་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན་པས། རྨ་ལྷོ་ཁུལ་དུ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཐད་རིག་གཞུང་གསོག་འཇོག་དང་ཤེས་ལྡན་མི་སྣའི་གསོག་འཇོག་གི་ནུས་པ་ཆེན་པོ་ལྡན་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་རྨ་ལྷོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད།
རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས། གསར་གཏོད་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས་པར་བསྟན་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་དང་། ཆེད་མཁས་པ་དང་མཁས་དབང་། སྨན་པ་གྲགས་ཅན་བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྙིང་བཅུད་སྔོག་འདོན་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བྱ་དགོས་ཤིང་། ཀུན་སྤྱོད་ལེགས་པ་དང་། རིག་གནས་ཡོད་པ། ལག་རྩལ་ལྡན་པ་བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ཁག་ཅིག་ཧུར་ཐག་གིས་སྐྱེད་སྲིང་བྱ་དགོས། ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་ནད་རིགས་དང་། འབྱུང་སླ་བའི་ནད་རིགས། རྒྱུན་མཐོང་རང་བཞིན་གྱི་ནད་རིགས་བཅས་ཀྱི་འགོག་བཅོས་དང་། “ནད་བཅོས་འཕྲོད་སྦྱོར”སྔོན་འགོག་གི་བདེ་སྲུང་ཞིབ་འཇུག་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་འགོག་སྨན་བཅོས་ཀྱི་བྱེད་ནུས་ཆེ་རུ་གཏོང་དགོས།
གཞན་ཡང་རྨ་ལྷོ་ཁུལ་གྱིས་ད་དུང་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། “སྐྱེད་སྲིང”འདེགས་སྐྱོར་དུ་བྱེད་པའི་ལུས་གསོ་ཐོན་ལས་གོང་འཕེལ་གྱི་ནུས་ཤུགས་ཆེ་རུ་བཏང་ནས་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དང་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གཙོ་ཡིན་པའི་སྤྲོ་གསེང་ལུས་གསོ་དང་རྒན་གསོའི་རྟེན་གཞི་ཁག་ཅིག་ཧུར་ཐག་གིས་གསར་གཏོད་བྱ་རྒྱུ་ཡིན་པ་དང་། རྒན་གསོ་དང་ལུས་གསོ་སོགས་གཞི་གཅིག་ཅན་གྱི་ཐོན་རྫས་འདོན་སྤེལ་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ལུས་གསོ་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱས་ནས“ཡུལ་སྐོར་དང་། བདེ་ཐང་། རིག་གནས”བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་ཧུར་ཐག་གིས་འཚོལ་ཞིབ་བྱེད་རྒྱུ་རེད།
རྨ་ལྷོ་ཁུལ་ཏང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ང་ཚོས་བོད་སྨན་རྒྱུ་ཆའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་སྣ་མང་ཅན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་དར་སྤེལ་དང་། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་སྟན།
རྩོམ་སྒྲིག་པ། འབྲུག་མོ།