དར་ལག་རྫོང་གི་ཐུམ་འབུའི་ནད་ཀྱི་གནད་ཁེལ་སྨན་བཅོས་ཐད་གྲུབ་འབྲས་བླངས།
2020.07.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

རང་ཞིང་ནི་ཐུམ་འབུའི་ནད་མཆེད་ཚད་ཆེས་མཐོ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། དར་ལག་རྫོང་གིས་གནད་ཁེལ་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། རྫོང་སྲིད་གཞུང་གིས་དུས་བབ་དང་བསྟུན་ནས་ཐུམ་འབུའི་ནད་པར་སྨན་བཅོས་བྱེད་པའི་ བགྲོད་ལམ་ལེགས་པོ་བཏོད་པ་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚུན་དུ། དར་ལག་རྫོང་སྲིད་གཞུང་དང་ཞིང་ཆེན་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་དུ“དར་ལག་རྫོང་གི་ཐུམ་འབུའི་ནད་ཀྱི་གནད་ཁེལ་སྨན་བཅོས་དབུལ་སྐྱོར”ཐད་ཀྱི་གྲོས་མཐུན་མིང་རྟགས་བཀོད་པས། རྒྱལ་ཡོངས་སུ་ཐོག་མར“སྲིད་གཞུང་དང་སྨན་ཁང”གི་གནད་ཁེལ་སྨན་བཅོས་དབུལ་སྐྱོར་དཔེ་དབྱིབས་ཆགས་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་ཐོན་ཁུངས་ཀྱི་དགེ་མཚན་བཀོལ་ནས། རྫོང་སྲིད་གཞུང་གིས་དབུལ་ཕོངས་སེལ་བའི་དམངས་ཡོངས་བདེ་ཐང་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དམིགས་འབེན་ཡིན་པའི་ཐུམ་འབུའི་ནད་གཅིག་བསྡུས་འགག་སྒྲོལ་དང་། གནད་ཁེལ་སྐྱོབ་བཅོས་ཀྱི་བྱ་བ་སྤེལ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཐུམ་འབུའི་ནད་པར་སྨན་བཅོས་བྱེད་པར་རིན་མི་ལེན་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཞིང་། དུས་མཉམ་དུ་ཐུམ་འབུའི་ནད་པའི་སྨན་བཅོས་ཀྱི་བརྒྱུད་རིམ་སྟབས་བདེར་བཟོས་པ་དང་། ཐུམ་འབུའི་ནད་པར་ཁུར་བོ་མེད་པར་སྨན་བཅོས་བྱས་པས། ཐུམ་འབུའི་ནད་པའི་སྨན་བཅོས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། ཐུམ་འབུའི་ནད་པའི་སྨན་བཅོས་རོགས་སྐྱོར་གྱི་མཇུག་མཐའི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་པ་རེད།

ཤེས་གསལ་ལྟར་ན། “སྲིད་གཞུང་དང་སྨན་ཁང”གི་ཐུམ་འབུའི་ནད་སྨན་བཅོས་གནད་ཁེལ་དབུལ་སྐྱོར་གྱི་དཔེ་དབྱིབས་བརྒྱུད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པ་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར། ཐུམ་འབུའི་ནད་པ་ཉིས་བརྒྱ་དང་ང་དགུ་ལ་སྲོག་སྐྱོབ་སྨན་བཅོས་བྱས། །

རྩོམ་སྒྲིག་པ། འབྲུག་མོ།