ཟ་མ་ཟོས་རྗེས་དེ་མ་ཐག་སོ་བཀྲུ་མི་རུང་།
2020.07.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 39

ཁའི་ནང་དུ་དྲོད་ཚད་དང་རླན་ཚད། ཟས་བཅུད་བཅས་ལྡན་པར་མ་ཟད། ད་དུང་འབུ་ཕྲའི་སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་བྱེད་སའི་གནས་ཀྱང་ཡིན། ཁའི་ནང་དུ་འབུ་ཕྲ་རྣམས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་འཕེལ་འབྱུང་བ་དང་སོའི་ཕྱི་ངོས་སུ་ཆགས་སྲིད་པར་མ་ཟད། འབུ་ཕྲས་གྲུབ་པའི་སྐྱེ་དངོས་རིམ་པ་ཞིག་ཆགས་ཡོད་པས་དེ་ལ་སོ་སྲིན་ཁྲ་ཐིག་ཟེར།

སོ་སྲིན་ཁྲ་ཐིག་ནི་སོ་རུལ་ནད་དང་སོ་མཐའི་ནད་སློང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། སོ་སྲིན་ཁྲ་ཐིག་དེ་ཁ་བཤལ་བ་དང་ཁ་འཁྲུད་པ་བཅས་ལས་རྩ་བ་ནས་མེད་པར་བཟོ་མི་ཐུབ། སོ་བཀྲུ་བ་ནི་སོ་སྲིན་ཁྲ་ཐིག་གཙང་སེལ་བྱེད་པའི་བྱེད་ཐབས་ཆེས་གཙོ་བོ་ཞིག་ཡིན། སོ་བཀྲུས་ན་སོ་སྲིན་ཁྲ་ཐིག་དང་ཟས་ཀྱི་སྙིགས་རོ་སོགས་གཙང་སེལ་བྱས་ནས་ཁའི་ནང་གི་གཙང་སྦྲར་སྲུང་འཛིན་དང་སོ་དང་སོ་མཐའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།

སོ་བཀྲུས་ན་སོ་སྲིན་ཁྲ་ཐིག་གཙང་སེལ་བྱེད་ཐུབ་མོད། རྩ་བ་ནས་མེད་པར་བཟོ་མི་ཐུབ། ཁའི་ནང་གི་འབུ་ཕྲ་རྒྱུན་ཆད་མེད་པར་སྐྱེ་འཕེལ་འབྱུང་བཞིན་ཡོད་པས། སོ་བཀྲུས་ནས་དུས་ཚོད་འགའ་འགོར་རྗེས་སོ་སྲིན་ཁྲ་ཐིག་སོ་སྟེང་དུ་ཡང་བསྐྱར་ཆགས་སྲིད། ལྷག་པར་དུ་དགོང་མོར་གཉིད་རྗེས་ཁའི་ནང་གི་མཆིལ་མ་ཇེ་ཉུང་དུ་གྱུར་ནས་འབུ་ཕྲ་སྐྱེ་འཕེལ་འབྱུང་སླ།

དེར་བརྟེན་སོ་བཀྲུ་བའི་གལ་ཆེན་རང་བཞིན་རྟོགས་རྗེས། ང་ཚོས་རྒྱུན་པར་ཟ་མ་ཟོས་མ་ཐག་ཏུ་སོ་བཀྲུ་བའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ཚེ། དངོས་གནས་ཁའི་ནང་གི་ཟས་ཀྱི་སྙིགས་རོ་སོགས་མི་གཙང་བ་ཐམས་ཅད་དུས་ཐོག་ཏུ་གཙང་སེལ་བྱེད་ཐུབ་མོད། ཡིན་ནའང་ཟ་མ་ཟོས་མ་ཐག་ཏུ་སོ་བཀྲུས་ན་སོ་ལ་ཚོར་ཐལ་རང་བཞིན་གྱི་ནད་འབྱུང་ཚད་ཇེ་མཐོར་འགྲོ་སྲིད། ཟ་མ་ཟོས་རྗེས་ཁའི་ནང་གི་མཆིལ་ཟགས་ཀྱིས་ཟས་འཇུ་བའི་གོ་རིམ་ཁྲོད་ནས་སྐྱུར་བའི་རང་བཞིན་གྱི་རྫས་མང་པོ་བསྐྱེད་སྲིད་པ་དང་། ཁྱད་པར་དུ་སིལ་ཏོག་དང་བཏུང་བྱ་ཁུ་ནག་སོགས་འཐུང་མ་ཐག་ཏུ་བྱུང་བའི་སྐྱུར་བའི་རང་བཞིན་གྱི་རྫས་དེས་སོ་ངོས་ཀྱི་སྲ་མཁྲེགས་རང་བཞིན་གྱི་སོ་རྩི་ལ་གཏོར་བརླག་བཏང་ནས། སོ་རྩེབ་པ་སོགས་སོ་ལ་གནོད་པ་གཏོང་སྲིད། གལ་ཏེ་ཟ་མ་ཟོས་རྗེས་དེ་མ་ཐག་སོ་བཀྲུས་ན། སོ་རྩི་ལ་གནོད་པ་ཐེབས་སྲིད་པས། རབ་ཡིན་ན་ཟ་མ་ཟོས་རྗེས་ཁ་བཤལ་བ་དང་དེ་ནས་དུས་ཚོད་སྐར་མ་བཅུ་ནས་ཉི་ཤུ་ཙམ་འགོར་རྗེས་ད་གཟོད་སོ་བཀྲུས་ན་བཟང་།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ།  འབྲུག་མོ།