སྐྱེ་ཁམས་དངོས་མང་སྟོན་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་ནང་སྦྱོང་བྱས།
2020.09.03 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

ཟླ་དགུ་བའི་ཚེས་གཅིག་ཉིན།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ལྟར། མཚོ་སྔོན་གྱི་སྐྱེ་ཁམས(ཐོན་ལས)དངོས་མང་སྟོན་ཚོགས་དང་བོད་ཀྱི་ས་གདན་འགྲེམས་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་རིམས་ནད་སྔོན་འགོག་ཚོད་འཛིན་པུའུ་ཡིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་དུ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་ནང་སྦྱོང་རྩ་འཛུགས་བྱས། རྒྱལ་ཁབ་ཐོལ་བྱུང་མྱུར་སྐྱོབ་རིམས་ནད་སྔོན་འགོག་ཚོད་འཛིན་རུ་ཁག(མཚོ་སྔོན)དང་། ཟི་ལིང་གྲོང་ཁྱེར་དང་མཁར་དཀྱིལ་ཁུལ་གྱི་ཐོལ་བྱུང་མྱུར་སྐྱོབ་རིམས་ནད་འཕྲལ་སྡོམ་རུ་ཁག་དང་། གནས་གཏན་གསོལ་ཁང་། འགྲེམས་ཚོགས་ལྟེ་གནས། བདེ་སྲུང་འཕྲོད་བསྟེན་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་བརྒྱད་ཅུ་ལྷག་ནང་སྦྱོང་དུ་ཞུགས།

མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། ཆེད་དུ་ནང་སྦྱོང་གི་མ་ཡིག་བཟོས་ནས་སྦྱོང་ཚན་གསུམ་བརྒྱུད་དེ་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་སུ“ནད་རྟགས་ཅན་གྱི་ནང་དཔེ”བྱུང་བ། མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་ལག་ལེན་བསྟར་བ། ནད་པ་གནས་བརྗེ་དང་ཡུལ་དངོས་ཐག་གཅོད། མཐར་རིམས་ནད་གཙང་སེལ་སོགས་ཚན་པ་རེ་རེ་བཞིན་སྦྱོང་བརྡར་བྱས། ནང་སྦྱོང་དེ་དངོས་མང་སྟོན་ཚོགས་ཀྱི་དོན་དངོས་དང་དམ་པོར་བསྟུན་ནས་རྣམ་པ་བཀོད་སྒྲིག་དང་རིམས་ནད་ལད་ཟློས། མཉམ་འགོག་མཉམ་སྲུང་། འཕྲལ་སྡོམ་ཐག་གཅོད། རིམས་ནད་གཙང་སེལ་སོགས་ཀྱི་ལྷུ་ཚིགས་བརྒྱུད་སྔོན་འགོག་ཚོད་འཛིན་རུ་ཁག་གི་སྐྱེལ་འདྲེན་དང་བཀོད་འདོམས། མཐུན་སྦྱོར། མཉམ་འགུལ། གཞོགས་འདེགས་སོགས་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་སྡེ་ཚན་ཁག་གི་མཐུན་སྦྱོར་སྔོན་འགོག་ཚོད་འཛིན་གྱི་དངོས་འཐབ་ཆུ་ཚད་མཐོར་འདེགས་བཏང་ནས་སྐྱེ་ཁམས་དངོས་མང་སྟོན་ཚོགས་བདེ་བླག་ངང་འགྲུབ་པར་འགན་ལེན་བྱས་པ་རེད།།

རྩོམ་སྒྲིག་པ། འབྲུག་མོ།