ཇ་འཐུང་རྒྱུར་དགའ་ན་རུས་སོབ་ཀྱི་ནད་འབྱུང་ཟེར་བ་དེ་བདེན་ནམ།
2020.09.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

ཇ་འཐུང་རྒྱུར་དགའ་ན་ལུས་སྟེང་གི་ཀལ་ཤོར་འགྲོ་ཟེར་བ་དེ་བདེན་ནམ་ཞེ་ན།

བཤད་རྒྱུན་ལ། དེ་ནི་རྩྭ་སྐྱུར་གྱིས་བཟོས་པ་རེད་ཟེར། ཇ་ལོའི་ནང་གི་གྲུབ་ཆ་སྟེ་རྩྭ་སྐྱུར་དང་ཀལ་གཉིས་མཉམ་དུ་འདྲེས་ནས་ལུས་སྟེང་དུ་སྡུད་ལེན་བྱེད་དཀའ་བའི་ཚྭའི་རིགས་ཤིག་ཏུ་འགྱུར་འགྲོ་བ་དང་། དེ་ནས་རྩྭ་སྐྱུར་ཀལ་དེ་མཁལ་མའི་སྟེང་དུ་བསགས་ནས་ཕྱིར་ཕུད་མ་ཐུབ་ཚེ། མཁལ་མའི་རྡེའུ་སྐྲན་ཆགས་སྲིད་ཟེར། ཞིབ་འཇུག་ལས་ཤེས་པ་ལྟར་ན། རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་དེས་མཁལ་མའི་རྡེའུ་སྐྲན་གྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་ཡོད་པ་རེད།

དོན་དངོས་སུ། ཇ་འཐུང་ན་རྩྭ་སྐྱུར་ཀལ་ཆགས་སྲིད་མོད། ལུས་སྟེང་དུ་བསྡུ་ལེན་བྱས་པའི་རྩྭ་སྐྱུར་དང་གྱེས་རྡུལ་ཀལ་གཉིས་མཉམ་འདྲེས་བྱེད་པར་ཤིན་ཏུ་རྙོག་འཛིང་ཆེ་བའི་གོ་རིམ་ཞིག་བརྒྱུད་དགོས་སྟབས། ལུས་སྟེང་དུ་བསྡུ་ལེན་བྱས་པ་ཐམས་ཅད་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་དུ་འགྱུར་སྲིད་པའི་ངེས་པ་མེད།

སུའེ་ཙེར་རྒྱལ་ཁབ་ཀྱི་གསོ་རིག་ཆེད་མཁས་པ་ཞིག་གིས་བསྟན་དོན། སྐྱེ་ལྡན་དངོས་པོ་ཡོད་ཚད་ལ་དུག་རྒྱུ་མི་ལྡན་པ་གཅིག་ཀྱང་མེད་པས། བཀོལ་སྤྱོད་བྱེད་པའི་ཚད་དེ་ད་གཟོད་དངོས་རྫས་ཀྱི་དུག་རྒྱུ་འདོན་པའི་གནད་འགག་རེད་ཟེར། འབྲེལ་ཡོད་ཀྱི་ཞིབ་འཇུག་ཤིག་ལས་མངོན་པ་ལྟར་ན། ཇ་ལོའི་ཁྲོད་ཀྱི་རྩྭ་སྐྱུར་ཀྱི་འདུས་ཚད་དེ་ཚོད་ནག་དང་འབྲི་ཏ་ས་འཛིན་སོགས་རྩ་སྐྱུར་གྱི་འདུས་ཚད་མཐོ་བའི་སྔོ་ཚོད་དང་སིལ་ཏོག་ལས་ཧ་ཅང་ཉུང་བ་རེད།  ཇ་ལོ་ཆུ་ཁོལ་ནང་སྦངས་རྗེས་རྩྭ་སྐྱུར་གྱི་གྲུབ་ཆ་ལྷག་ཏུ་ཇེ་ཉུང་དུ་འགྲོ་སྲིད།

ཡང་བཤད་རྒྱུན་གཞན་ཞིག་ལྟར་ན། ཏན་ཉིང་སྐྱུར་གྱིས་བཟོས་པ་རེད་ཟེར། ཇ་ལོའི་ནང་དུ་ཡོད་པའི་ཏན་ཉིང་སྐྱུར་དེ་བཟའ་བཅའི་ཁྲོད་ཀྱི་ཀལ་དང་མཉམ་འདྲེས་བྱུང་ཚེ། ཏན་ཉིང་སྐྱུར་ཀལ་དུ་འགྱུར་འགྲོ་བ་དང་དེས་ལུས་སྟེང་དུ་ཀལ་སྡུད་ལེན་བྱེད་པར་བཀག་འགོག་བཟོ་སྲིད་པས་ཀལ་གྱིས་མི་འདང་བའི་གནས་ཚུལ་བྱུང་བ་རེད་ཟེར།

དོན་དངོས་སུ། ཚན་རིག་དང་མཐུན་པའི་ཞིབ་འཇུག་མང་པོ་ཞིག་ལས།  ཇ་ལོའི་ནང་གི་རོ་ཁ་བའི་རྫས་ཏེ་ཇ་ཏོ་ཧྥུན(茶多酚)ཞེས་པའི་རྫས་ཞིག་ཡིན་པ་དང་། དེ་ལ་དབྱང་འགྱུར་འགོག་པ་དང་རྒས་པ་འགོག་པ། ཁྲག་ཚིལ་དང་ཁྲག་མངར་ཇེ་དམར་གཏོང་བ། འབུ་ཕྲ་དང་རྩབས་མགོ་གནོན་པའི་ནུས་པ་ལྡན་པར་མ་ཟད། ཇ་སེར་རྒྱུ་ཞེས་པའི་རྫས་ལ་ལྷག་ཏུ་རྒས་པ་འགོག་པ་དང་རུས་པ་སྲ་བརྟན་དུ་གཏོང་བའི་ནུས་པ་ལྡན་པ་བདེན་དཔང་བྱས་ཡོད།

གཤམ་གྱི་གོམས་གཤིས་ངན་པ་འདི་དག་གིས་རུས་པར་གནོད་སྐྱོན་བཟོ་སྲིད་པ་ཡིན།

གཅིག ཚྭ་ཟ་ཚད་མང་བ།

ཚང་མས་ཤེས་གསལ་ལྟར། ཚྭ་འདུས་ཚད་མཐོ་བའི་ཟས་རིགས་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་སློང་རྐྱེན་གཙོ་བོའི་གྲས་ཤིག་རེད། ཡིན་ནའང་ཞིབ་འཇུག་གཏིང་ཟབ་ཏུ་བྱས་པ་དང་བསྟུན་ནས་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་དེ་ད་དུང་རུས་སོབ་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཀྱང་ཡིན་པ་ཤེས། རང་རྒྱལ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་ཉིན་རེའི་ཚྭ་ཟ་ཚད་ཁེ་བཅུ་ལྷག་ཡིན་པ་དེ་ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་བསྟེན་ཚུལ་ཕྱོགས་སྟོན་སྟེང་བཀོད་པའི་ཚྭ་ཁེ་དྲུག་གི་ཚད་ལས་རིང་དུ་བརྒལ་ཡོད་པ་རེད།

གཉིས། འཚིག་ཇ་འཐུང་ཚད་མང་བ།

ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་ལས། གལ་ཏེ་ལུས་སྟེང་དུ་ཀལ་སྡུད་ལེན་བྱས་ཚད་འདང་ཡོད་ན་འཚིག་ཇ་མང་དུ་འཐུང་ནའང་རུས་སོབ་ཀྱི་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་གཏོང་མི་སྲིད་པ་བདེན་དཔང་བྱས་ཡོད་མོད། ཡིན་ནའང་སློབ་སྦྱོང་དང་བྱ་བའི་གནོན་ཤུགས་ཆེ་བའི་དུས་འདིར། རྒན་དར་གཞོན་གསུམ་ཚང་མས་འཚིག་ཇ་འཐུང་ནས་ལུས་ཤུགས་བསྐྱེད་བཞིན་ཡོད། འཚིག་ཇར་གཅིན་འབབ་པའི་ནུས་པ་ལྡན་པས་མིའི་ལུས་སྟེང་གི་ཀལ་རྒྱུ་མང་པོ་གཅིན་དང་འགྲོགས་ནས་ཕྱིར་ཕུད་སྲིད། དུས་མཚུངས་སུ་འཚིག་ཇ་མང་པོ་འཐུང་རྒྱུར་དགའ་བའི་མིས་ཀལ་རྒྱུ་འདུས་ཚད་མཐོ་བའི་འོ་མ་དང་ཞོ་བཅས་འཐུང་ཚད་ལྟོས་བཅས་ཀྱིས་ཉུང་བ་རེད།

དེ་བས་སློབ་སྦྱོང་ངམ་བྱ་བའི་གནོན་ཤུགས་ཆེ་ཕྱིར་འཚིག་ཇ་འཐུང་ནས་ལུས་ཤུགས་བསྐྱེད་བཞིན་པའི་མི་རྣམས་ཀྱིས་རབ་ཡིན་ན་འཚིག་ཇའི་འཐུང་ཚད་དེ་ཉིན་རེར་ཇ་ཕོར་གཉིས་ལས་མི་བརྒལ་བ་དང་དེའི་ཞོར་དུ་ཞོ་དང་འོ་མའང་ཅུང་ཙམ་འཐུང་ན་ཀལ་ཤོར་ཚད་ཇེ་ཉུང་དུ་གཏོང་ཐུབ།

གསུམ། ཉི་མར་ལྡེ་རྒྱུར་མི་དགའ་བ།

མིའི་ལུས་སྟེང་གི་འཚོ་རྒྱུ་བེ་ཧྲིན་སུའུDཡི་འབྱུང་ཁུངས་གཙོ་བོ་ནི་ཉི་འོད་ཡིན་པ་དང་། འཚོ་རྒྱུ་བེ་ཧྲིན་སུའུDའདུས་ཚད་མཐོ་བའི་ཟས་རིགས་སྟེ་དཔེར་ན། ཉ་ཤ་དང་སྲོག་ཆགས་ཀྱི་ནང་ཁྲོལ། སྒོང་སེར་ལ་སོགས་པ་ཁོ་ནས་ལུས་སྟེང་དུ་མཁོ་བའི་འཚོ་རྒྱུ་བེ་ཧྲིན་སུའུDའདང་ཚིམ་པ་ཞིག་འདོན་སྤྲོད་བྱེད་མི་ཐུབ། དེ་བས་ངེས་པར་དུ་ཉི་མར་ལྡེ་དགོས། ཡིན་ནའང་མི་མང་པོས་ཉི་མར་ལྡེ་ན་པགས་མདོག་འཚིག་ནས་ཇེ་ནག་ཏུ་འགྲོ་བ་དང་། པགས་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ། ཡང་ན་སློབ་སྦྱོང་དང་བྱ་བར་བྲེལ་བ་ཆེ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཕྱི་རོལ་དུ་ཉི་མར་ལྡེ་བའི་གོམས་གཤིས་མེད་པ་རེད། དོན་དངོས་སུ་ཕྱི་རོལ་དུ་སོང་ནས་དུས་ཡུན་ཐུང་ངུའི་ནང་ཉི་མར་ལྡེ་ན་སྐྱི་པགས་ལ་གནོད་སྐྱོན་འབྱུང་མི་སྲིད་པས། རབ་ཡིན་ན་ཉིན་རེར་དུས་ཡུན་སྐར་མ་སུམ་ཅུ་ཙམ་ལ་ཉི་མར་ལྡེ་ན་བཟང་། དེའང་ཤེལ་སྒོའི་འོག་གི་ཉི་འོད་ལ་མི་བརྟེན་པར་ཕྱི་རོལ་དུ་སོང་ནས་ཉི་འོད་ཐད་ཀར་ལུས་སྟེང་དུ་ཕོག་ན་བཟང་།

བཞི། ལུས་སྦྱོང་བྱེད་རྒྱུར་མི་དགའ་བ།

ལུས་སྦྱོང་བྱས་ན་ལུས་ཀྱི་ཤ་གྲིམ་ལ་སྦྱོང་བརྡར་ཐོབ་པར་མ་ཟད། ད་དུང་རུས་པའི་སྟུག་ཚད་ལའང་ལེགས་བཅོས་བྱེད་ཐུབ། དེ་བས་རུས་སོབ་ཀྱི་ནད་འབྱུང་བ་དང་ཡང་ན་རུས་སོབ་ཀྱི་ནད་དང་བསྡོངས་པའི་ནད་རིགས་གཞན་པ་འབྱུང་བར་སྔོན་འགོག་བྱེད་ན་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་ལུས་སྦྱོང་བྱེད་དགོས། དཔེར་ན།  དལ་མོར་རྒྱུགས་པ་དང་། ཆུར་བརྐྱལ་བ། ཐའེ་ཅི་དྲག་རྩལ་སྦྱོང་བ། བྲོ་འཁྲབ་པ་སོགས་ལྟ་བུ།

ལྔ། ཐ་མག་འཐེན་རྒྱུར་དགའ་བ།

འབྲེལ་ཡོད་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཐ་མག་འཐེན་མཁན་གྱི་མི་ལ་རུས་སོབ་འབྱུང་བའི་ཉེན་ཁ་དེ་ཐ་མག་མི་འཐེན་པའི་མི་ལས་མཐོ་བ་རེད། ཐ་མག་གིས་ཀླད་སྙིང་ཁྲག་རྩའི་ནད་རིགས་སློང་བར་མ་ཟད། དབུགས་ལམ་མ་ལག་གི་ནད་རིགས་ཀྱང་བསྐྱེད་ལ། ད་དུང་རུས་པའི་བདེ་ཐང་ལའང་གནོད་བསྐྱེད་སྲིད་པརེད།

དྲུག ཆང་འཐུང་རྒྱུར་དགའ་བ།

བརྟག་དཔྱད་བྱས་པ་ལྟར་ན། གཟའ་འཁོར་གཅིག་ལ་སྐྱེས་པས་ཆང་ཕོར་ཉེར་བདུན་དང་སྐྱེས་མས་ཆང་ཕོར་བཅུ་བཞི་ཡན་བརྒལ་ནས་འཐུང་ཚེ། ཚབས་ཆེ་བའི་རུས་སོབ་ཀྱི་ནད་འབྱུང་ཚད་དེ་ཆང་མི་འཐུང་བའི་མི་དང་ཡང་ན་ཆང་ཉུང་འཐུང་བྱེད་པའི་མི་ལས་ཧ་ཅང་མཐོ། ཚང་མས་ཤེས་གསལ་ལྟར། ཆང་གིས་ལུས་ཕུང་ལ་གནོད་པ་བཟོ་སྲིད་ན་གཏན་ནས་མི་འཐུང་བའམ་ཡང་ན་ཉུང་འཐུང་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

བདུན། སྐོམ་ཆུའི་རིགས་འཐུང་རྒྱུར་དགའ་བ།

ཚ་གདུག་ཆེ་བའི་དབྱར་ཁའི་དུས་སུ། མི་རྣམས་དང་ལྷག་པར་དུ་ན་གཞོན་རྣམས་སྐོམ་ཆུའི་རིགས་འཐུང་རྒྱུར་ཧ་ཅང་དགའ། ཡིན་ནའང་ཐན་སྐྱུར་སྐོམ་ཆུའི་ནང་དུ་ལིན་སྐྱུར་འདུས་ཚད་ཅུང་མང་བས་མིའི་ལུས་སྟེང་དུ་ཀལ་སྡུད་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་ཡིན། དེ་བས་ཐན་སྐྱུར་སྐོམ་ཆུའི་རིགས་ཉུང་འཐུང་བྱེད་དགོས། ཐན་སྐྱུར་སྐོམ་ཆུའི་རིགས་ཀྱིས་ལུས་ཕུང་ལ་ཚོ་འབུད་དུ་འཇུག་པར་མ་ཟད། རུས་སོབ་ནད་ཀྱང་སློང་བ་ཡིན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དྲན་སྐུལ་བྱས་དོན། རང་ཉིད་ཀྱི་འབྱུང་གཞིའི་བདེ་ཐང་གི་ཆེད་དུ། མི་རྣམས་ཀྱིས་འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱས་ནས། ཆང་དང་ཐ་མག་གཅོད་པ་དང་། ཚྭ་བཟའ་ཚད་ཇེ་ཉུང་དུ་གཏོང་བ། དུས་གཏན་འཁེལ་སྒོས་ཕྱི་རོལ་དུ་སོང་ནས་ལུས་སྦྱོང་བྱེད་པ། སྐོམ་ཆུའི་རིགས་ཉུང་འཐུང་བྱེད་པ། ཀལ་རྒྱུ་འདུས་ཚད་མཐོ་བའི་བཟའ་བཏུང་བསྟེན་པ། དུས་ཡུན་རིང་བོར་རུས་པའི་རྙིང་ཚབ་གསར་བརྗེ་ལ་ཤུགས་རྐྱེན་བཟོ་བའི་སྨན་རྫས་མི་བསྟེན་པ་བཅས་བྱས་ནས་རུས་སོབ་ནད་འབྱུང་བར་དོགས་ཟོན་བྱེད་དགོས།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།