བྱིས་པའི་ཚ་འཇོམས་སྨན་ཀྱི་ཕན་གནོད། 
2020.09.09 ཁུངས། ཚྭ་འདམ་བོད་ཡིག་དྲ་བ། ཀློག་གྲངས། 0

བྱིས་པའི་ཚ་འཇོམས་སྨན་ནི་ཁྱིམ་ཚང་སུ་ཡིན་རུང་རྒྱུན་དུ་གྲ་སྒྲིག་བྱས་ཡོད་པའི་ཁྱིམ་སྤྱོད་སྨན་རྫས་ཞིག་ཡིན་མོད། འོན་ཀྱང་ཁྱིམ་བདག་རྣམས་ཀྱིས་བྱིས་པའི་ཚ་འཇོམས་སྨན་གྱིས་ཚ་བ་འཇོམས་ཐུབ་རུང་དེས་བྱིས་པའི་མཆིན་པ་དང་མཁལ་མར་གནོད་པ་བཟོ་ངེས་པ་དེ་འདྲ་ཤེས་ཀྱིན་མེད་པ་རེད།

དོན་དངོས་སུ། བྱིས་པའི་ཚ་འཇོམས་སྨན་གྱི་གྲུབ་ཆ་གཙོ་བོ་ནི་ཚ་བ་སེལ་ཞིང་ན་ཟུག་འཇོམས་པའི་སྨན་རྫས་ཡིན་པས། དེས་བྱིས་པའི་མཆིན་པ་དང་མཁལ་མར་གནོད་པ་བཟོ་སྲིད་པ་དང་། བཀོལ་སྤྱོད་དུས་ཡུན་ཇི་ལྟར་རིང་བ་དང་འཐུང་ཚད་ཇི་ལྟར་མང་ན་མཆིན་པ་དང་མཁལ་མར་གནོད་པ་དེ་ལྟར་ཆེ།

དུས་རྒྱུན་བཀོལ་སྤྱོད་བྱེད་སྐབས་དོ་སྣང་བྱེད་དགོས་པ་ཞིག་ནི། ཁྱིམ་བདག་གིས་རང་གི་བྱིས་པར་ཚ་འཇོམས་སྨན་ལྡུད་སྐབས་གསལ་བྱེད་ཡི་གེའི་སྟེང་གི་དུས་ཡུན་ལྟར་ལྡུད་དགོས་པ་ལས་དུས་ཡུན་ཐུང་ངུའི་ནང་ཡང་བསྐྱར་ལྡུད་མི་རུང་བའམ་ཡང་ན་ཚ་སེལ་ཟུག་འཇོམས་སྨན་སྣ་གཅིག་ཡང་དང་བསྐྱར་དུ་བླུད་ནས་ཚད་ལས་བརྒལ་བའི་ངང་འཐུང་མི་རུང་། དེ་ལྟར་བྱས་ན་བྱིས་པའི་ལུས་ཕུང་ལ་གནོད་སྐྱོན་བཟོ་ངེས། དེས་ན་ཚ་འཇོམས་སྨན་ཇི་ལྟར་བྱས་ནས་བླུད་ན་ད་གཟོད་བདེ་འཇགས་ཡིན་ནམ་ཞེ་ན། ང་ཚོས་ཆེད་མཁས་སྨན་པར་བྱིས་པའི་ཚ་འཇོམས་སྨན་དེ་ཇི་ལྟར་བཀོལ་སྤྱོད་བྱེད་པ་དང་བྱིས་པར་ཚ་ལངས་སྐབས་ཇི་ལྟར་ཐག་གཅོད་བྱེད་དགོས་པ་སོགས་དྲིས་ནས་སྨན་པས་བཤད་པ་ལྟར་ལྡུད་དགོས།

ཚ་འཇོམས་སྨན་གྱི་ནང་དུ་ཅི་ཞིག་ཡོད་དམ། ཚ་འཇོམས་སྨན་མང་ཆེ་བའི་ནང་ཚ་སེལ་ཟུག་འཇོམས་སྨན་རྫས་ཀྱི་གྲུབ་ཆ་འདུས་པ་དང་། ཚ་སེལ་ཟུག་འཇོམས་སྨན་རྫས་ཡོད་ཚད་ཀྱིས་མཆིན་པ་དང་མཁལ་མར་གནོད་པ་གཏོང་སྲིད།

ཀོང་ཏུང་སྨན་སྦྱོར་སློབ་གླིང་གི་སྨན་རྫས་ཞོར་སྐྱོན་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ། ཟུར་གཏོགས་སྨན་ཁང་དང་པོའི་སྨན་རྫས་རིག་པའི་རིག་གཞུང་ཚན་ཁག་གི་ཀྲུའུ་རིན་ཡང་ཙིག་མེན་གྱིས་བཤད་རྒྱུར། སྨན་ཞིག་ཡིན་ཕྱིན་ཚང་མར་ཞོར་སྐྱོན་ཡོད་པས། སྨན་རྫས་གང་ཞིག་བཀོལ་སྤྱོད་བྱས་ཀྱང་དེའི་ཞོར་སྐྱོན་འབྱུང་སྲིད། བྱིས་པའི་ཚ་འཇོམས་སྨན་ཡང་དེ་བཞིན་རེད་ཟེར། མིག་སྔར་ཚོང་རར་བཙོང་བཞིན་པའི་བྱིས་པའི་ཚ་འཇོམས་སྨན་ལ་སྣ་ཁ་སུམ་ཅུ་ལྷག་ཡོད་ཅིང་། དེ་དག་མང་ཆེ་བའི་ནང་ཚ་སེལ་ཟུག་འཇོམས་སྨན་གྱི་གྲུབ་ཆ་འདུས་པ་རེད།

ཚ་སེལ་ཟུག་འཇོམས་སྨན་དེ་དག་རིགས་ཆེན་པོ་དྲུག་ཏུ་དབྱེ་ཆོག་སྟེ། པུན་ཨན་རིགས(དཔེར་ན་དབྱི་ཞན་ཨན་ཅི་ཧྥུན་ལྟ་བུ།)དང་། པེན་སོན་རིགས། (དཔེར་ན་པུའུ་ལོ་ཧྥུན་ལྟ་བུ། )གདམ་གསེས་རང་བཞིན་གྱི་གདུབ་དབྱང་འདྲེས་རྩབས་ཚོད་འགོག་བྱེད་རྫས། (ཉིས་མེ་ཧྲུའུ་ལིས་ལྟ་བུ། )ཆུ་ཤིང་སྐྱུར་རིགས། (དཔེར་ན་ཨ་སི་ཕིས་ལིན་ལྟ་བུ།)པིས་ཙོ་ཐུང་རིགས། (དཔེར་ན་ཨན་ནེ་ཅིན་ལྟ་བུ། )དབྱི་སོན་རིགས། (དཔེར་ན་དབྱིན་ཏོ་མེ་ཞིན་ལྟ་བུ། )སོགས་རེད། དེ་དག་ལས་མང་ཚོགས་ལ་ཆེས་ཆ་རྒྱུས་ཡོད་པའི་སྨན་ནི་དབྱིས་ཞན་ཨན་ཅི་སོན་དང་པུའུ་ལོ་ཧྥུན། ཉིས་མེ་ཧྲུའུ་ལིས། ཨ་སི་ཕིས་ལིན། ཨན་ནེ་ཅིན་སོགས་རེད།

ཚ་སེལ་ཟུག་འཇོམས་སྨན་ཡོད་ཚད་མཆིན་པ་བརྒྱུད་ནས་རྙིང་ཚབ་གསར་བརྗེ་བྱེད་དགོས་པའི་དུས་མཚུངས་སུ། ཚ་སེལ་ཟུག་འཇོམས་སྨན་དེ་དག་ཚང་མ་ནི་གདུབ་དབྱང་འདྲེས་རྩབས་ཚོད་འགོག་བྱེད་རྫས་ཡིན་ལ། མི་ལུས་ཀྱི་མཁལ་མའི་སྟེང་དུ་གདུབ་དབྱང་འདྲེས་རྩབས་ཡོད་པར་མ་ཟད་དུ་དུང་དེ་དགོས་གལ་ཆེ་བས། ཚ་སེལ་ཟུག་འཇོམས་སྨན་གང་ཡིན་རུང་ཚང་མས་མཆིན་པ་དང་མཁལ་མར་གནོད་པ་བཟོ་སྲིད། སྨན་དེ་དག་བཀོལ་སྤྱོད་བྱེད་པའི་དུས་ཡུན་ཇི་ལྟར་རིང་བ་དང་འཐུང་ཚད་ཇི་ལྟར་མང་ན་མཆིན་པ་དང་མཁལ་མར་གནོད་པ་བཟོ་ཚད་དེ་ལྟར་ཆེ།

ཡང་ཙིག་མེན་གྱིས་བཤད་རྒྱུར། ཚ་སེལ་ཟུག་འཇོམས་སྨན་གྱིས་ཞོར་སྐྱོན་སྣ་ཚོགས་འབྱུང་སྲིད་ན་བྱིས་པའི་བཀོལ་སྤྱོད་བྱེད་སྐབས་ངེས་པར་མཉམ་འཇོག་བྱེད་དགོས་ཏེ། བྱིས་པའི་དབང་བོའི་ནུས་པ་རྣམས་ད་དུང་འཚར་ལོངས་མེད་པས། སྨན་རྫས་ལུས་སྟེང་དུ་བསྡུ་ལེན་བྱེད་ཚད་དེ་མི་དར་མ་དང་ཁྱད་པར་ཆེན་པོ་ཡོད་སྟབས། མཆིན་པ་དང་མཁལ་མའི་ནུས་པར་གནོད་པ་བཟོ་ཚད་དེ་བས་ཆེ། དེར་བརྟེན་ང་ཚོས་བྱིས་པར་ཕན་ནུས་ཆེས་མཐོ་བའི་ཚ་སེལ་ཟུག་འཇོམས་སྨན་དེ་དཔེར་ན་ཨན་ནེ་ཅིན་དང་དབྱིན་ཏོ་མེ་ཞིན། ཉིས་མེ་ཧྲུའུ་ལིས་སོགས་ལྟ་བུ་མ་བླུད་ན་བཟང་ཟེར། ཡང་ཙིག་མེན་གྱིས་ད་དུང་ནན་གྱིས་བསྟན་དོན། ལོ་གསུམ་མན་གྱི་བྱིས་པར་གོང་གི་སྨན་དེ་གསུམ་རབ་ཡིན་ན་མ་བཀོལ་ན་ལེགས་པ་དང་། ལོ་གཅིག་མན་གྱི་བྱིས་པར་གཏན་ནས་བཀོལ་མི་རུང་ཟེར། གལ་ཏེ་ངེས་པར་བཀོལ་སྤྱོད་བྱེད་དགོས་ཚེ་སྨན་པས་མཛུབ་སྟོན་འོག་ནས་བཀོལ་སྤྱོད་བྱེད་དགོས།

བྱིས་པར་མཚོན་ནས་བཤད་ན། ཁྱིམ་བདག་གིས་ནུས་པ་ཆེས་མཐོ་བའི་སྨན་མི་བཀོལ་བར་བྱིས་པའི་ལོ་ཚོད་དང་བསྟུན་ནས་སྨན་ནུས་ཡུན་གྱིས་ཐོན་པའི་སྨན་བདམས་ནས་བཀོལ་དགོས་ཟེར།

དེས་ན་ཇི་ལྟར་བྱས་ནས་ཚ་འཇོམས་སྨན་བཀོལ་དགོས་ཞེ་ན། དབྱི་ཞན་ཨན་ཅི་ཧྥུན་དང་པུའུ་ལོ་ཧྥུན། ཉིས་མེ་ཧྲུའུ་ལིས། ཧྲུང་ལོ་ཧྥུན་སོན་ན་བཅས་ནི་རིགས་གཅིག་པའི་སྨན་རྫས་ཡིན།

བྱིས་པའི་ཚ་འཇོམས་སྨན་ལ་མཚོན་ནས་བཤད་ན། ཁྱིམ་བདག་གིས་སྨན་ལྡུད་སྟངས་དང་ལྡུད་ཚད་ལ་ནོར་འཁྲུལ་འབྱུང་བཞིན་ཡོད། ཡང་ཙིག་མེན་གྱིས་བཤད་རྒྱུར། སྤྱིར་ཉིན་གཅིག་ལ་ཐེངས་གཉིས་དང་ཐེངས་རེ་རེའི་བར་དུ་དུས་ཚོད་བཅུ་ནས་བཅུ་གཉིས་ཙམ་འགོར་དགོས་པ་དང་། ཡང་ན་ཉིན་གཅིག་ལ་ཐེངས་གསུམ་དང་ཐེངས་རེ་རེའི་བར་དུ་དུས་ཚོད་དྲུག་ནས་བརྒྱད་འགོར་དགོས་པ། གལ་ཏེ་ཚ་འཇོམས་སྨན་དེ་ཐེངས་གཉིས་ནས་གསུམ་དུ་བགོས་ནས་འཐུང་དགོས་ཚེ། ཐེངས་རེ་རེའི་བར་དུ་དུས་ཚོད་བཞི་ནས་དྲུག་འགོར་དགོས་ཟེར།

སྨན་ལྡུད་སྟངས་དང་ལྡུད་ཚད་དེ་དེ་འདྲའི་གལ་ཆེན་ཡིན་དོན་ཅི་ཞེ་ན། ཡང་ཙིག་མེན་གྱིས་བསྟན་དོན། དེ་ནི་ཞོར་སྐྱོན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་ཆེད་ཡིན། སྨན་འཐུང་མཚམས་རེ་རེའི་བར་དུ་དུས་ཚོད་ཅང་མ་འགོར་ན་སྨན་ནུས་ལྷག་མ་ཐོན་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། དེ་ཡང་གོ་སླ་བར་བཤད་ན། སྨན་ནུས་དེ་ལུས་སྟེང་དུ་ཁྱབ་བཞིན་པའི་སྐབས་སུ། ཁྱེད་ཀྱིས་ཡང་བསྐྱར་སྨན་ཐེངས་གཅིག་བླུད་ན་བྱིས་པའི་ཚ་ཆེས་ཆེར་མར་འབབ་ཏུ་བཅུག་ནས་ལུས་ཟུངས་ཤོར་དུ་འཇུག་པའམ་ཐ་ན་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད། དེ་བས་ཡང་དང་བསྐྱར་དུ་ཚ་སེལ་ཟུག་འཇོམས་སྨན་མང་པོ་འཐུང་ན་ལུས་ཕུང་ལ་གནོད་པ་བཟོ་ཁོ་ཐག་ཡིན།

བྱིས་པའི་ཚ་སེལ་ཟུག་འཇོམས་སྨན་དེ་ཅིའི་ཕྱིར་འཐུང་ཚད་མང་པོའི་གནས་ཚུལ་བྱུང་བ་ཡིན་ནམ་ཞེ་ན། ཡང་ཙིག་མེན་གྱིས་བཤད་རྒྱུར། གནས་ཚུལ་གཅིག་ནི། ཁྱིམ་བདག་གིས་བྱིས་པར་སྨན་སྣ་གཅིག་བླུད་རྗེས་ནུས་པ་ཆེན་པོ་མ་ཐོན་ན། ཡང་བསྐྱར་སྨན་སྣ་གཞན་ཞིག་བརྗེས་ནས་ལྡུད་བཞིན་ཡོད། སྨན་སྣ་དེ་གཉིས་བཟོ་གྲྭ་མི་གཅིག་པ་དང་ཚོང་རྫས་ཀྱི་མིང་མི་གཅིག་ཀྱང་། བྱིས་པའི་ཚ་འཇོམས་སྨན་ཡིན་པའི་ཆ་ནས་ཚང་མ་སྨན་སྣ་རིགས་གཅིག་པའི་ཚ་སེལ་ཟུག་འཇོམས་སྨན་ཡིན་པ་རེད། དེང་སྐབས་ཀྱི་བྱིས་པའི་ཟུག་འཇོམས་སྨན་ཡོད་ཚད་ཀྱི་ནང་དབྱི་ཞན་ཨན་ཅི་ཧྥུན་དང་པུའུ་ལོ་ཧྥུན། ཉིས་མེ་ཧྲུའུ་ལིས། ཧྲུང་ལོ་ཧྥུན་སོན་ན་སོགས་ཀྱི་གྲུབ་ཆ་འདུས་ཡོད་པས། ཁྱིམ་བདག་རྣམས་ཀྱིས་སེམས་ལ་འཛིན་རྒྱུུ་ཞིག་ཡོད་པ་ནི་གོང་གི་སྨན་སྣ་དེ་དག་ནི་རིགས་གཅིག་པའི་སྨན་སྣ་ཡིན་པ་ཤེས་དགོས།

གནས་ཚུལ་གཞན་ཞིག་ཡོད་པ་ནི། ཁྱིམ་བདག་རྣམས་ཀྱིས་ནམ་ཡིན་རུང་རིགས་གཅིག་པའི་ཚ་སེལ་ཟུག་འཇོམས་སྨན་བཀོལ་ཏེ་ཚ་མ་ཞུ་ན་ཡང་བསྐྱར་རང་འགུལ་སྒོས་སྨན་ཇེ་མང་དུ་གཏོང་བཞིན་ཡོད།

དེ་ལས་གཞན། རྩྭ་སྨན་ལའང་ཞོར་སྐྱོན་ཡོད་པ་རེད། ཡང་ཙིག་མེན་གྱིས་བསྟན་དོན། ཆམ་ནད་ཀྱི་ནད་རྟགས་འཇོམས་པའི་རྩྭ་སྨན་གྱི་ནང་དུའང་ཚ་སེལ་ཟུག་འཇོམས་སྨན་གྱི་གྲུབ་ཆ་འདུས་ཡོད་པ་རེད།  དཔེར་ན་བེ cཡིན་ཆའོ་ཕེན་ཞེས་པའི་སྨན་དེ་དང་། ཀན་མོ་ཆིན། ཧྥུའུ་ཧྥང་ཀན་མོ་ལེན་སོགས་ལ་དབྱིས་ཞན་ཨན་ཅི་ཧྥུན་གྱི་གྲུབ་ཆ་ཡོད་པ་རེད། ཚ་སེལ་ཟུག་འཇོམས་སྨན་གྱི་གྲུབ་ཆ་མིན་ནའང་རྩྭ་སྨན་ཁ་ཤས་ཀྱི་རྒྱུ་ཆས་ཞོར་སྐྱོན་ངན་པ་བཟོ་སྲིད།

ཚ་འཇོམས་སྨན་ལ་རིགས་གང་དག་ཡོད་དམ་ཞེ་ན།

ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་སྦྱོར་ཁང་གི་ཀྲུའུ་རིན་ཧོང་ཀྲི་ཅུན་གྱིས་བཤད་རྒྱུར། ལོ་བཅུ་ཕྲག་འགའི་རིང་ལ་བྱིས་པའི་ཚ་འཇོམས་སྨན་དེ་བལྟས་ཚོད་ཀྱིས་མང་པོ་ཡོད་པར་སྣང་ཡང་། དོན་དངོས་སུ་སྨན་སྣ་གསར་བ་གཅིག་ཀྱང་མེད། དཔེར་ན་སྔར་གྱི་སྨན་རིལ་བུ་དེ་གཤེར་ཁུ་རུ་བཟོས་ནས་བཀོལ་སྤྱོད་བྱེད་པ་ལྟ་བུ་རེད། ཤེས་པའི་གནས་ཚུལ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་སྐབས་སུ། ཀྲུང་གོའི་ཚོང་རའི་ནང་དུ་ཡོད་པའི་ཚ་འཇོམས་སྨན་གཙོ་བོ་ནི་ཨ་སི་ཕིས་ལིན་དང་ཨན་ནེ་ཅིན། དོས་དབྱིས་ཞན་ཨན་ཅི་ཧྥུན་བཅས་རེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་པུའུ་ལུའུ་ཧྥུན་ཞེས་པའི་སྨན་དེ་རིམ་གྱིས་ནང་འདྲེན་བྱས་ཤིང་། ཉིས་མེ་ཧྲུའུ་ལིས 2000 ལོའི་གཡས་གཡོན་དུ་ད་གཟོད་བྱིས་པའི་ཚ་འཇོམས་སྨན་དུ་བཀོལ་སྤྱོད་བྱས་པ་རེད།

ཚ་ལངས་མ་ཐག་ཏུ་སྨན་ཁང་དུ་སྟོན་དགོས་པ་ཞིག་ཀྱང་མིན་ཏེ། བྱིས་པའི་ཚན་ཁག་གི་ཆེད་མཁས་སྨན་པས་བཤད་རྒྱུར། བྱིས་པར་ཚ་ལངས་ཚེ་ཁྱིམ་བདག་རྣམས་སེམས་འཚིག་ནས་མྱུར་དུ་སྨན་ཁང་དུ་འགྲོ་བཞིན་ཡོད་ལ། དོན་དངོས་སུ། ཚ་ལངས་མ་ཐག་སྨན་ཁང་དུ་འགྲོ་དགོས་པའི་ངེས་པ་མེད། བྱིས་པར་ཚ་ལངས་པའི་ཡང་ལྕི་ལྟར་གནད་དོན་ཐག་གཅོད་བྱེད་དགོས་ཏེ།

དང་པོ། ཚ་ལངས་པའི་དྲོད་གྲངས་ལྟར་སྨན་ཁང་དུ་འགྲོ་དགོས་མིན་ཐག་གཅོད་པ།

ལུས་ཀྱི་རྒྱུན་ལྡན་གྱི་དྲོད་ཚད་ནི36℃ནས37℃བར་ཡིན་མོད། བྱིས་པའི་ལུས་དྲོད་དེ་མི་དར་མའི་ལུས་དྲོད་དང་ཁྱད་པར་ཡོད་པ་རེད། དཔེར་ན་བྱིས་པ་རློན་ནུའི་ལུས་དྲོད་དེ37.5℃ཡན་ལ་མ་བུད་ན་ཚང་མ་རྒྱུན་ལྡན་ཡིན། སྤྱིར་བཤད་ན་རྒྱུན་ལྡན་གྱི་ལུས་དྲོད་ལས་བརྒལ་ན་ཚ་ལངས་པར་བརྩིས་ཆོག་ཅིང་། ཚ་ལངས་པ་དེར་ཡང་ཅུང་ཙམ་ནས་འབྲིང་ཙམ་དང་མཐོན་པོར་ལངས་པ་བཅས་རིམ་པ་གསུམ་དུ་བགར་ཆོག་པ་དང་། ལུས་དྲོད37℃ནས38℃ཡིན་ན་ཚ་ཅུང་ཙམ་ལངས་པར་བརྩིས་ཆོག་པ་དང་། 38℃ནས39℃བར་ཡིན་ན་ཚ་འབྲིང་ཙམ་ལངས་པར་རྩིས་ཆོག 39℃ནས་40℃བར་ཡིན་ན་ཚ་མཐོན་པོ་ལངས་པར་བརྩི་དགོས།

བྱིས་པར་མཚོན་ནས་བཤད་ན། ཚ་ཅུང་ཙམ་ཡོད་དུས་རྒྱུ་རྐྱེན་བཙལ་དགོས་ལ། དུས་ཡུན་ཐུང་ངུའི་རིང་ལ་ཚ་ཅུང་ཙམ་ལངས་པ་དེས་སྤྱིར་བྱིས་པའི་བདེ་ཐང་ལ་གནོད་པ་བཟོ་མི་སྲིད་ཅིང་ཚ་འབྲིང་ཙམ་ལངས་པ་དེར་ཡང་ཉེན་ཁ་ཆེན་པོ་མེད། ཚ་ཆེན་པོ་ལངས་ན་ད་གཟོད་ཉེན་ཁ་ཡོད་པས་སྨན་པར་སྟོན་དགོས། གལ་ཏེ་བྱིས་པར་རྒྱུན་དུ་ཚ་ལངས་པ་དང་ལུས་དྲོད38.5℃ཡིན་པའི་སྐབས་སུ། བྱིས་པ་སྨན་ཁང་དུ་ཁྲིད་ནས་སྨན་པར་སྟོན་དགོས་ལ། ལྷག་པར་དུ་ཚ་ཆེན་པོ་ལངས་པའི་སྐབས་སུ་མཉམ་འཇོག་གང་ལེགས་བྱེད་དགོས། བྱིས་པར་ཚ་ལངས་སྐབས་ཉལ་ཐུལ་སོགས་ཀྱིས་བཏུམ་དགོས་སམ་ཡང་ན་བཤུས་ནས་ཇེ་སྲབ་ཏུ་གཏོང་དགོས་ཞེ་ན། བྱིས་པར་ཚ་ལངས་པའི་དུས་རིམ་མི་འདྲ་བ་ལྟར་དུ་བྱེད་ཐབས་ཀྱང་མི་འདྲ་བ་སྤྱོད་དགོས། ལུས་དྲོད་མ་རྒྱས་གོང་དུ་བྱིས་པར་གྲང་ཤུམ་བྱེད་པས་སྐབས་དེར་ཉལ་ཐུལ་འགེབ་དགོས་མོད། ལུས་དྲོད་རྒྱས་ནས་ཚ་ལངས་པའི་སྐབས་སུ། ལག་པ་དང་རྐང་བ་འཁྱགས་པ་ཡིན་ནའང་མགོ་དང་བྲང་ཁ་ཧ་ཅང་ངར་ཡོད་པས་དུས་སྐབས་སུ་ཉལ་ཐུལ་བཤུས་ནས་ལྭ་བ་ཇེ་སྲབ་ཏུ་གཏོང་དགོས།

གཉིས་པ། ལུས་དྲོད39℃ཡན་ལ་མ་བུད་ན་གནམ་ཁབ་རྒྱག་མི་དགོས།

ཧྥང་ཅན་ཕེན་གྱིས་བཤད་རྒྱུར། ཁྱིམ་བདག་རྣམས་ཀྱིས་ནད་གསོ་བྱེད་པའི་གོ་རིམ་ཤེས་དགོས་ཏེ། ཐོག་མར་སྨན་འཐུང་དུ་འཇུག་པ་དང་དེ་ནས་ཁབ་རྒྱག་པ། མཇུག་མཐར་ད་གཟོད་གནམ་ཁབ་རྒྱག་དགོས། གལ་ཏེ་དེ་ལྟར་མ་བྱས་པར་ཚ་ལངས་མ་ཐག་ཏུ་གནམ་ཁབ་བརྒྱབ་ན་བྱིས་པའི་ལུས་ཀྱི་རིམས་འགོག་ནུས་པར་ཤུགས་རྐྱེན་བཟོ་སྲིད།

ལུས་དྲོད39℃ཡན་ལ་མ་བུད་ན། སྤྱིར་གནམ་ཁབ་རྒྱག་མི་དགོས། ཅི་ཡིན་འདི་ཡིན་མ་ཤེས་པར་ཚ་མར་འབབ་ཏུ་བཅུག་ན་ནད་བབ་ལྷང་ལ་འབུད་མི་ཐུབ་པས། སྨན་པས་ནད་ངོས་འཛིན་བྱེད་དཀའ་བ་རེད།

གསུམ་པ། ཚ་ལངས་པའི་སྐབས་སུ་རྩ་འཁུམ་བྱུང་ནས་འདར་ཡངས་བྱེད་བཞིན་ཡོད་མེད་ལ་མཉམ་འཇོག་བྱེད་དགོས།

ཁྱིམ་བདག་གིས་བྱིས་པར་དུས་ཡུན་རིང་པོར་ཚ་ལངས་ན་ཆེས་སེམས་ཁུར་བྱེད་བཞིན་པ་ནི་ཀླད་པར་གནོད་སྐྱོན་བཟོ་འགྲོ་བར་སྐྲག་པ་དེ་ཡིན། ཧྥང་ཅན་ཕེ་ཡིས་བཤད་དོན། སྤྱིར་བཤད་ན། གལ་ཏེ་བྱིས་པར་ཚ་ཆེན་པོ་ལངས་པ་དང་རྩ་འཁུམ་བྱུང་ནས་འདར་ཡངས་སོགས་བྱེད་པའི་སྣང་ཚུལ་མེད་ན། ཀླད་པར་གནོད་པ་ཐེབས་མི་སྲིད། ལུས་དྲོད40℃བུད་ཀྱང་སྐྱོན་འབྱུང་མི་སྲིད། ཀླད་པར་གནོད་སྐྱོན་ཐེབས་པ་ཞེས་པ་དེ་ནི་དོན་དངོས་སུ་ཀླད་པའི་ཕྲ་ཕུང་གིས་རྙིང་ཚབ་གསར་བརྗེ་བྱེད་པར་བར་ཆད་ཐེབས་ནས་ཚ་ཆེན་པོ་ལངས་པ་དང་རྩ་འཁུམ་བྱུང་ནས་འདར་ཡངས་བྱེད་པ་ལས་བསླངས་པའི་རྗེས་འབྱུང་རང་བཞིན་གྱི་ཀླད་པར་དབྱང་རླུང་དང་ཁྲག་གིས་མི་འདང་བའི་སྣང་ཚུལ་ཞིག་ཡིན།

ཁྱིམ་བདག་གིས་བྱིས་པར་ཚ་ལངས་སྐབས་གཤམ་གྱི་བྱེད་ཐབས་འདི་དག་སྤྱོད་དགོས་ཏེ། ཐོག་མར་བྱིས་པའི་རྣམ་རིག་དེ་འདྲ་མི་བཟང་ན་མྱུར་དུ་སྨན་པར་སྟོན་དགོས། བྱིས་པར་ཚ་ལངས་སྐབས་ཚ་གྲངས་ཀྱི་མཐོ་དམའ་དང་རྩ་འཁུམ་བྱུང་ནས་འདར་ཡངས་བྱེད་བཞིན་ཡོད་མེད་ལ་ལྷག་ཏུ་མཉམ་འཇོག་དགོས། བྱིས་པར་ཚ་ཆེན་པོ་ལངས་ནས་འདར་ཡངས་བྱེད་པའི་སྣང་ཚུལ་ཡོད་ན་མྱུར་དུ་སྨན་ཁང་དུ་འགྲོ་དགོས། ཚ་ཆེན་པོ་ལངས་ནས་འདར་ཡངས་བྱེད་པའི་ཉེན་ཁ་དེ་ལོ་བཞིའི་མན་གྱི་བྱིས་པར་འབྱུང་ཞིང་། སྤྱིར་ལོ་བཞིའི་ཡན་གྱི་བྱིས་པར་ཚ་ཆེན་པོ་ལངས་ནས་འདར་ཡངས་བྱེད་པའི་གནས་ཚུལ་འབྱུང་ཚད་ཉུང་ལ། ཚ་ཆེན་པོ་ལངས་ནས་འདར་ཡངས་བྱེད་པའི་སྣང་ཚུལ་གཏན་ནས་བྱུང་མ་མྱོང་བའི་བྱིས་པར་ལོ་བཞིའི་ཡན་ལ་བུད་རྗེས་ད་གཟོད་ཚ་ཆེན་པོ་ལངས་ནས་འདར་ཡངས་བྱེད་པའི་སྣང་ཚུལ་དེ་ཐེངས་དང་པོར་འབྱུང་ལ། སྐབས་དེར་དབང་རྩའི་མ་ལག་གི་ནད་རིགས་སྣ་ཚོགས་ཏེ་དཔེར་ན་ཀླད་སྐྱིའི་གཉན་ཚད་སོགས་འབྱུང་བར་མཉམ་འཇོག་བྱེད་དགོས།

ཚ་ལངས་པ་དང་བསྡོངས་ནས་སྐྱུག་རྒྱུ་ཡོང་བའི་སྣང་ཚུལ།

གནས་ཚུལ་ཇི་འདྲའི་འོག་ཏུ་བྱིས་པར་ཚ་ལངས་པ་དང་བསྡོངས་ནས་ནད་རིགས་ཚབས་ཆེན་འབྱུང་བར་དོགས་ཟོན་བྱེད་དགོས་སམ་ཞེ་ན། ཧྥང་ཅན་ཕེན་གྱིས་བཤད་རྒྱུར། བྱིས་པ་རློན་ནུར་མཚོན་ནས་བཤད་ན། ནད་རིགས་མང་པོ་ཞིག་གི་ཐོག་མའི་ནད་རྟགས་ནི་ཚ་ལངས་པ་དེ་ཡིན་ཞིང་། དབུགས་ལམ་མ་ལག་གི་ནད་རིགས་ཀྱང་དེ་དང་བསྟུན་ནས་རྒྱུན་པར་འབྱུང་ལ། སྐབས་རེར་ནད་གཞི་ཡང་མོ་རེ་འབྱུང་བ་ཡིན་མོད། དེ་ཡང་གསོ་བཅོས་བཟང་པོ་མ་བྱས་ན་ནད་གཞི་ལྗིད་མོར་འགྱུར་སྲིད། གལ་ཏེ་བྱིས་པར་ཚ་ལངས་པ་དང་བསྡོངས་ནས་སྐྱུག་རྒྱུ་ཡོང་བའི་སྣང་ཚུལ་ཡོད་ན། ད་དུང་དེ་དང་བསྡོངས་པའི་ནད་རིགས་གཞན་ཞིག་ཡོད་པའི་རྟགས་ཡིན་ཏེ། ཕོ་བ་དང་རྒྱུ་མའི་ནད་རིགས་དང་ཡང་ན་ཀླད་པའི་ནད་རིགས་ཡིན་ངེས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།