ཆེས་རྒྱུན་མཐོང་གི་བྱིས་པའི་ནད་རིགས་འགའ།
2020.09.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

གཅིག བྱིས་པ་རློན་ནུའི་དབུགས་འཚུབ་པ།

དེ་ནི་མངལ་དུ་བྱིས་པར་དབྱང་དབུགས་ཀྱིས་མ་འདང་བས་སྐྱེས་རྗེས་བྱིས་པའི་དབུགས་འབྱིན་རྔུབ་ཉམས་པའི་མངོན་རྟགས་ཤིག་ཡིན། བྱིས་པ་རློན་ནུའི་དབུགས་འཚུབ་པའི་སྣང་ཚུལ་དེ་ཅུང་ཚབས་ཆེ་བས་མྱུར་དུ་སྨན་བཅོས་དང་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས།

གཉིས། བྱིས་པའི་གློ་ཚད།

བྱིས་པའི་གློ་ཚད་ནི་ལོ་ཆུང་བྱིས་པར་རྒྱུན་དུ་འབྱུང་བའི་ནད་ཅིག་ཡིན། ནད་དེ་དུས་ཚིགས་ལ་ཁྱད་མེད་པར་དབྱར་དགུན་སྟོན་དཔྱིད་གང་རུང་དུ་འབྱུང་ཞིང་། ནད་ཐོག་གི་མངོན་རྟགས་གཙོ་བོ་ནི་ཚ་ལངས་པ་དང་། གློ་ལུ་བ། དབུགས་ལེན་དཀའ་བ་དང་ཁའི་མདོག་སྔོ་ནག་ཏུ་འགྱུར་བ་སོགས་ཡིན།

གསུམ། བྱིས་པའི་བཤལ་ནད།

བྱིས་པའི་ཁོག་པ་བཤལ་བ་དེ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསླངས་ཤིང་ཁོག་པ་བཤལ་བ་གཙོ་བོ་ཡིན་པའི་ཕོ་རྒྱུའི་བྱེད་ནུས་འཁྲུགས་པའི་རྟགས་འདུས་ནད་ཅིག་ཡིན་ལ། ནད་དེ་བྱིས་པའི་རྒྱུན་མཐོང་གི་ནད་རིགས་ཅིག་ཀྱང་ཡིན།  དེ་འབྱུང་བའི་ལོ་ཚོད་ནི་མང་ཤོས་ལོ་གཉིས་མན་ཡིན་ལ་བྱིས་པའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་པས་ངེས་པར་དུ་མཉམ་འཇོག་བྱེད་དགོས།

བཞི་བ། བྱིས་པར་འཚོ་བཅུད་ཀྱིས་མི་འདང་བ།

བྱིས་པར་འཚོ་བཅུད་ཀྱིས་མི་འདང་བ་དེ་ནི་དལ་བའི་རང་བཞིན་གྱི་འཚོ་བཅུད་དཀོན་པའི་ནད་ཅིག་ཡིན། མང་ཆེ་བ་ལོ་གསུམ་མན་གྱི་བྱིས་པར་འབྱུང་བ་དང་དེའི་ནད་རྟགས་གཙོ་བོ་ནི་རིམ་གྱིས་ཤ་སྐམ་རིད་དུ་འགྱུར་བ་དང་པགས་འོག་གི་ཤ་ཚིལ་ཇེ་ཉུང་དུ་སོང་ནས་ཆུ་སྐྲངས་འབྱུང་བ་རེད། བསྡོངས་ཟླའི་རྟགས་སུ་རྒྱུན་དུ་དབང་བོ་སོ་སོའི་བྱེད་ལས་འཁྲུགས་པ་དང་། དེ་མིན་ཟས་ལ་ཁ་འདུན་ཆེ་བས་གཞན་པའི་ནད་རིགས་ཀྱང་སློང་སྲིད།

ལྔ། རྒྱུ་གཟེར།

དེ་ནི་རྒྱུན་མཐོང་གི་རྒྱུ་མའི་འགོ་ནད་ཅིག་ཡིན། ནད་དེ་གློ་བུར་དུ་འབྱུང་ཞིང་འཕེལ་ཚད་མགྱོགས་ལ། ནད་བབ་ལྕི་ཞིང་ཤི་ཚད་མཐོ་བས། སྔ་མོ་ནས་ནད་བརྟག་ངོས་འཛིན་དང་མྱུར་སྐྱོབ་སྨན་བཅོས་བྱས་ན། ཉེན་ཁ་ལས་གཡོལ་ཐུབ། ནད་དེ་ལོ་གཉིས་ནས་བདུན་བར་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ།

དྲུག མྱུར་བའི་རང་བཞིན་གྱི་དུག་ཕོག་པ།

མྱུར་བའི་རང་བཞིན་གྱི་དུག་ཕོག་པ་དེ་བྱིས་ནད་ཚན་ཁག་གི་རྒྱུན་མཐོང་གི་མྱུར་བའི་རང་བཞིན་གྱི་ནད་རིགས་ཤིག་རེད། དུག་རྫས་ལུས་སྟེང་དུ་ཁྱབ་ཏུ་འཇུག་པའི་བགོ་ལམ་གཙོ་བོ་ནི་འཇུ་བྱེད་མ་ལག་ཡིན་ལ། དུག་རྫས་འགའ་ཞིག་ཤ་པགས་ལ་བརྟེན་ནས་བསྡུ་ལེན་བྱེད་པ་དང་དུག་རྫས་ཉུང་ཤས་ཤིག་ད་དུང་དབུགས་ལམ་བརྒྱུད་ནས་རྔུབ་པའང་ཡོད།

བདུན། འགྲམ་རྨེན་གཉན་ཚད།

འགྲམ་རྨེན་གཉན་ཚད་ཀྱི་ནད་རྟགས་ནི་འགྲམ་རྨེན་སྐྲངས་ནས་ན་ཟུག་འབྱུང་བ་རེད། ནད་དེ་བྱིས་པར་འབྱུང་ཚད་མཐོ་བ་དང་དེའི་འགོ་ལམ་གཙོ་བོ་ནི་ནད་དེ་བྱུང་ཡོད་མཁན་སྣ་སྦྲིད་རྒྱག་པ་དང་ལུ་བ། ད་དུང་ནད་པའི་ཟས་འཕྲོ་འཐུང་འཕྲོ་དང་ཟས་སྣོད་སོགས་དང་ཡང་ན་ཁ་སོགས་ལས་ཕན་ཚུན་ལ་བགོ་བཞིན་ཡོད་པ་རེད།

བརྒྱད། བྱིས་པའི་ཁྲག་ཞན་པ།

བྱིས་པའི་ཁྲག་ཞན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁྲག་རྒྱུན་མ་ལག་གི་ནད་རིགས་དང་འཚོ་བཅུད་ཀྱིས་མ་འདང་བས་ཁྲག་ཞན་པ། ཁྲག་ཤོར་བའི་རང་བཞིན་གྱི་ཁྲག་ཞན་པ་བཅས་གསུམ་ཡོད། དེའི་མངོན་རྟགས་གཙོ་བོ་ནི་འཚར་སྐྱེ་འབྱུང་ཚད་དལ་བ་དང་ངོ་མདངས་དང་། སོ། སེན་མོ་བཅས་སྐྱ་མདོག་ཆགས་པ། ཐང་ཆད་པ། ཟ་མའི་ཡི་ག་ཉམས་པ་དང་རྣམ་རིག་ཇེ་ཞན་དུ་འགྱུར་བ་སོགས་ཀྱི་ནད་རྟགས་ཡོད།

དགུ། སུབ་ནད།

དེ་ནི་སིབ་འབྲུམ་ནད་དུག་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན། དེའི་ནད་རྟགས་ནི་ཚ་ལངས་པ་དང་དབུགས་ལམ་གྱི་འབྱར་སྐྱི་དང་རྒྱུ་མའི་འབྱར་སྐྱི། འགྲམ་པའི་ནང་སྐྱི་བཅས་ལ་ཚད་མི་འདྲ་བའི་འབྲུམ་ཐོར་འབྱུང་ཞིང་། ལུས་ཡོངས་ལ་དམར་འབྲུམ་འབྱུང་ངེས། འབྲུམ་ཐོར་ཡལ་རྗེས་སྨུག་མདོག་གི་རྨ་ཤུལ་ཡོད་ཅིང་། རྒྱུན་དུ་གློ་བའི་གཉན་ཚད་ཞོར་དུ་འབྱུང་བ་ཡིན། ནད་དེ་བྱིས་པའི་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ་ཞིང་ཟླ་བརྒྱད་ཡན་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ།

ལོ་ཙཱ་བ། འབྲུག་མོ།