བོད་ཀྱི་གསོ་བ་རིག་པ་ལས་སྨན་ལུམས་ཀྱི་བཅོས་ཐབས།
2020.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 63

བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་བཅོས་ཐབས་ལ་བོད་སྐད་དུ“ལུམས”ཟེར་ལ།དེ་ནི་བོད་རིགས་མི་དམངས་ཀྱིས་ས་དང་ཆུ། མེ། རླུང་། ནམ་མཁའ་བཅས་ཀྱི“འབྱུང་ལྔའི”ཚེ་སྲོག་ལྟ་བ་དང་། རླུང་མཁྲིས་བད་ཀན་གསུམ(འདི་གསུམ་པོར་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་མིའི་ལུས་ཁམས་ཀྱི་རྒྱུ་གསུམ་དུ་འབོད) གྱི་བདེ་ཐང་ལྟ་བ་དང་ནད་ཀྱི་ལྟ་བའི་མཛུབ་སྟོན་འོག རང་བྱུང་ཆུ་ཁོལ་དུ་ཁྲུས་བྱེད་པ་དང་སྨན་གདུས་པའི་ཁུ་བ་དང་རླངས་པ་བརྒྱུད་ནས་ལུས་སེམས་བདེ་རུ་བཏང་ནས། ཚེ་སྲོག་བདེ་ཐང་དང་ནད་རིགས་འགོག་བཅོས་ཀྱི་ནུས་པ་ཐོན་ཐུབ་པའི་སྲོལ་རྒྱུན་གྱི་ཤེས་བྱ་ཞིག་དང་དེ་ལག་ལེན་དུ་བསྟར་བ་ཞིག་ཡིན་པ་རེད།

བོད་ཀྱི་གསོ་རིག་གཞུང་དུ་རླུང་མཁྲིས་བད་ཀན་གསུམ་ནི་མིའི་ལུས་ཁམས་གྲུབ་པའི་དངོས་རྫས་གསུམ་དུ་འདོད་ལ། དེ་གསུམ་པོ་མིའི་ལུས་ཐོག་ཏུ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་ལ་ནུས་པ་འདོན་པ། ཕན་ཚུན་གྱི་གཉེན་པོར་འགྱུར་བའི་འགུལ་རྣམ་དོ་མཉམ་གྱི་འབྲེལ་བ་ཞིག་ཡིན་ལ། ཐུན་མོང་གིས་མིའི་ལུས་ཁམས་ཀྱི་ནུས་པ་སྲུང་འཛིན་བྱེད་ཀྱིན་ཡོད། གལ་སྲིད་མིའི་ལུས་ཁམས་ལ་བཀྲེས་སྐོམ་དང་འགྲོ་འདུག་ཉལ་འཆག་གི་ཕྱི་ནང་གི་འགལ་རྐྱེན་བྱུང་ནས། རྒྱུ་རྐྱེན་དེ་གསུམ་པོ་གཅིག་འཕེལ་གཅིག་འགྲིབ་དང་། ཕན་ཚུན་དོ་ཟླར་ལངས་ནས་ཆ་མ་སྙོམས་ན། ནད་ལུགས་འགྱུར་ལྡོག་བྱུང་སྟེ་ནད་སྣ་ཚོགས་བསྐྱེད་ནས་ནད་ཀྱི་འབྱུང་ཁུངས་སུ་འགྱུར་འགྲོ་བ་རེད།

བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་ནི་ཆུ་ཚན་ལུམས་བཅོས་ཀྱི་རྨང་གཞིའི་སྟེང་། བོད་ཀྱི་གསོ་རིག་གི་རྨང་གཞིའི་གཞུང་ལུགས་ལ་བརྟེན་ནས་གསར་དུ་བཏོད་པའི་ཐུན་མིན་གྱི་སྨན་བཅོས་བྱེད་ཐབས་ཤིག་ཡིན། “བདུད་རྩི་ལྔ་བ”ནི་སྨན་ལུམས་སྡེབ་སྦྱོར་གྱི་རྨང་གཞི་ཡིན། དེའི་ལོ་རྒྱུས་ནི་སྨན་ལུམས་དང་འདྲ་བར་རྒྱུན་རིང་། 《གསོ་རིག་རྒྱུད་བཞི》ཡི་ལྷན་ཐབས་ནང་དུ། ཆེད་དུ་སྨན་ལུམས་ནད་གང་ལ་ཕན་པ་དང་། སྨན་ཐོ། བཀོལ་ཐབས། མཉམ་འཇོག་བྱ་ཡུལ་སོགས་གསལ་པོར་བསྟན་ཡོད་པ་དང་། ཡང་བསྟན་བཅོས་དེར“བདུད་རྩི་ལྔ་བ”ཐོག་མར་ངོས་འཛིན་ཐོ་འགོད་བྱས་ཡོད་ཀྱང་། དེའི་སྨན་མིང་དང་དང་སྦྱོར་ཚད་སོགས་གསལ་ཁ་བཏོད་མེད།

བདུད་རྩི་ལྔ་བའི་མིང་གཞན་ལ“བདུད་རྩི་ལྔ་ལུམས”ཡང་ཟེར། དེའི་སྡེབ་ཁའི་ནང་ཚེར་ཤུག་གིས་ཚ་བ་དང་དུག་སེལ་བ་དང་། བལ་བུས་དྲོད་གསོ་གྲང་སེལ་དང་ཚེ་རིང་བ། འཁན་ནག་གིས་ཁྲག་གཅོད་པ་དང་སྐྲངས་ཞི་བ། རྐང་ལག་སྐྲངས་པ་ཞི་ལྷོད་དུ་གཏོང་བ། མཚེ་ལྡུམ་གྱིས་རྔུལ་འབྱིན་པ་དང་རྨ་ལ་ཕན་པ། རླུང་དང་གྲང་བ་སེལ་བ། འོམ་བུས་དུག་ཚ་དང་ཁྲག་ཚ་སེལ་བ་དང་། ཆུ་སེར་གྱི་ནད་གསོ་བ་སོགས་ཀྱི་ནུས་པ་ལྡན་པ་དང་། ཕྱོགས་ཡོངས་ནས་ཚ་བ་དང་དུག་སེལ་བ་དང་། རླུང་དང་གྲང་བ་སེལ་བ། སྐྲངས་འཇོམས་པ་དང་ན་ཟུག་འཇགས་པ་སོགས་ཀྱི་ཕན་ནུས་ལྡན། བདུད་རྩི་ལྔ་བར་རྔུལ་ཆུ་འབྱིན་པ་དང་གཉན་ཚད་སེལ་ཞིང་ན་ཟུག་འཇགས་པ། ཆུ་སེར་གྱི་ནད་གསོ་བ། ཁྲག་རྒྱུག་རྩ་སྦྲེལ། ད་དུང་པགས་ནད་སྣ་ཚོགས་དང་གྲུམ་ནད། གྲུམ་བུའི་ཚིགས་ནད། ལུས་ཕྱེད་ཞ་བ། བུད་མེད་ཚོའི་བྱིས་པ་བཙས་རྗེས་ཀྱི་ནད། ཚིགས་དང་གྲུ་མོ་སོགས་རྨས་པ་བཅས་ལ་ཕན་ནུས་ཆེན་པོ་ཡོད།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།